R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༨༤
[A:༨༤]ལས་ལ་ལྔ་ཚང་དགོས་ཏེ། བསྐོ་བའི་ཡུལ་དགེ་སློང་གཅིག །སྐོ་མཁན་དགེ་སློང་བཞི་ཚང་དགོས་པའི་གནད་ཀྱིས་ཡིན་ཞིང༌། མདོ་རྩར། སྐལ་པ་དང་ལྡན་པའི་རང་བཞིན་ཅན་ལ་བར་ཆད་མ་དྲིས་པར་འོང་ངོ༌། །ཞེས་པ་ལྟར་གསང་སྟོན་མེད་ན་དགེ་སློང་བཞིས་ཆོག་པའི་གནད་མ་གོ་བར་བབ་ཅོལ་མ་མཛད་ཅིག །ཅེས་ཐམས་ཅད་མཁྱེན་པ་ཀླུ་སྒྲུབ་རྒྱ་མཚོའི་རྣམ་ཐར་གསུང་རྩོམ་མ་ལས་ཚིག་ཅུང་ཟད་བསྡུས་ནས་བཀོད་པ་ཡིན་ལ། མང་ཐོས་ཀླུ་སྒྲུབ་རྒྱ་མཚོ་ནས་བརྒྱུད་པའི་ས་པཎ་གྱི་སྡོམ་རྒྱུད་ཁྱད་པར་ཅན་དེ་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་ཇི་ལྟར་བྱུང་བའི་ཚུལ་ནི། འཇམ་མགོན་ཨ་མེས་ཞབས་ཀྱི་རྣམ་ཐར་ཕུན་ཚོགས་བདུད་རྩིའི་ཆར་རྒྱུན་ལས། དེ་ནས་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ཆེན་པོ་འདི་ཉིད་དགུང་གི་འཇལ་བྱེད་ལྔ་བཅུ་རྩ་བདུན་དུ་ཕེབ་པ། རྣམ་རྒྱལ་ཞེས་པ་ཆུ་མོ་སྦྲུལ་གྱི་ལོ་གསར་དུ་ཤར་བ་ན། མདོ་ཁམས་ནས་ཨ་ལི་ཆོས་རྗེ་གྲྭ་བུ་སློབ་མང་པོ་དང་བཅས། འཇམ་དབྱངས་བླ་མ་ཉིད་དང༌། གདན་ས་ཆེན་པོ་མཇལ་བར་འབྱོར། ལྷ་ཁང་ཆེན་མོར་མང་ཇ་བརྒྱད་ཙམ་བསྐོལ་ཞིང༌། ཇ་དང་རས་ལ་སོགས་པའི་གྲལ་འགྱེད་མང་པོ་བཏང༌། བདག་ཉིད་ཆེན་པོར་ཇ་གོས་དར་ལ་སོགས་པའི་འབུལ་ནོད་རྒྱ་ཆེན་པོ་སྒྲུབ་ཅིང་ཤིན་ཏུ་གུས་པར་གྱུར། རྗེ་བཙུན་དམ་པ་འདིས་ཀྱང་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ལྷུག་པར་སྩལ་ནས། དེ་དག་གི་རེ་བའི་ཡོལ་གོ་ཡོངས་སུ་ཁེངས་པར་གྱུར་ཏོ། །དགུན་ཐོག་དེར་གཙང་གྲམ་པ་རྒྱང་ནས་མཁས་པ་ཆེན་པོ་མང་ཐོས་བློ་གྲོས་རྣམ་རྒྱལ་གྱི་རྗེ་དབོན་རིན་པོ་ཆེ་མང་ཐོས་གྲགས་པ་རྣམ་རྒྱལ་ལ་གདན་ས་ཆེན་པོ་འདིར་འཇམ་པའི་དབྱངས་ས་པཎྜི་ཏ་ཆེན་པོ་ནས་བརྒྱུད་པའི་བསྙེན་རྫོགས་ཀྱི་སྡོམ་རྒྱུན་ཞིག་ངེས་པར་དགོས་རྒྱུར་སྣང་བ་སྤེལ་བའི་མཁན་པོའི་འོས་རིགས་