R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༨༥
[A:༨༥]སུ་ཁྱེད་ཆེ་བར་འདུག་པས། བསྟན་པ་སོམས་ལ་མྱུར་བར་སྤྱོན་ཞིག་ཅེས་པའི་བཀའི་སྤྲིང་ཡིག་གསེར་གྱི་ཤིང་རྟས་ལེགས་པར་དྲངས་ཏེ། དཔལ་ས་སྐྱའི་དབུ་རྩེ་སྙིང་མའི་དྲི་གཙང་མཆོག་ཏུ་ཆོས་ཀྱི་རྗེ་དེ་ཉིད་ཀྱིས་མཁན་པོ་མཛད་དེ། དགེ་འདུན་གྲངས་ཚང་བས་ཆོ་ག་རྣམ་པར་དག་པའི་སྒོ་ནས། ཆོས་གྲྭ་ལྷོ་བྱང་གི་དགེ་བའི་བཤེས་གཉེན་མང་པོར། ཁ་ཆེའི་བསོད་སྙོམས་པ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲ་ནས། འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པ་ཆེན་པོ་འཇམ་མགོན་ས་པཎྜི་ཏ་ལ་ལེགས་པར་བརྒྱུད་པའི་ཡོངས་སུ་རྫོགས་པ་དགེ་སློང་གི་སྡོམ་པ་ཡང་དག་པར་འབོགས་པའི་མཐུན་པའི་ཆ་རྐྱེན་བཟང་པོ་ཉེ་བར་སྦྱར་ཏེ། དཀར་ཕྱོགས་ཀྱི་ལྷ་ཀླུ་ས་གསུམ་ན་གནས་པ་ཐམས་ཅད་དགའ་བའི་ཟློས་གར་ལ་ངོམ་པ་མེད་པར་རྩེར་བཅུག་གོ །ཞེས་འབྱུང་ལ། སྡོམ་རྒྱུན་དེ་ཉིད་གོང་ས་རྡོ་རྗེ་འཆང་ལྔ་པ་ཆེན་པོའི་བཞེད་ཚུལ་ནི། འཇམ་དབྱངས་བསོད་ནམས་དབང་ཕྱུག་གི་རྣམ་ཐར་སྙིང་གི་བདུད་རྩི་ལས། ཆུ་མོ་གླང་གི་ལོར་མཁན་ཆེན་ཀུན་སྤངས་པ་ཆེན་པོ་རིན་ཆེན་བསོད་ནམས་མཆོག་གྲུབ་དཔོན་སློབ་རྣམས་རྣམ་འདྲེན་དམ་པ་འདི་མཇལ་བར་ཕེབ་སྟེ་ཞབས་བརྟན་འབུལ་བ་དང་གོང་ས་ཐམས་ཅད་མཁྱེན་པའི་གསུང་རྩོམ་གོང་མ་ཡབ་སྲས་ཀྱི་ཞབས་བརྟན། འཇམ་དབྱངས་གདུང་བརྒྱུད་མྱུར་འབྱོན་གྱི་སྨོན་ལམ་དང་བཅས་པ་དེ་འདུས་ཚོགས་སུ་འཛུགས་པར་མཛད་ཅིང༌། ཟབ་ཆོས་མང་དུ་གསན། ལྷག་པར་ཐུབ་བསྟན་ལྷ་ཆེན་གྱི་མཁན་པོ་བྱམས་པ་བསོད་ནམས་བཀྲ་ཤིས་དགེ་འདུན་གྲངས་ཚད་དང་བཅས་པའི་དབུས་སུ། ས་སྐྱ་པཎྜི་ཏས་བསྙེན་རྫོགས་ཀྱི་སྡོམ་རྒྱུན་བཞེས་ཏེ་མ་འགྱངས་པར་རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ་ལ་ཕུལ་བའི་རྒྱུན་དེ་ཉིད་དེང་སང་རྒྱ་བོད་ཧོར་