R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༨༦
[A:༨༦]གསུམ་དུ་ཁྱབ་སྟེ་ས་སྐྱ་པཎྜི་ཏའི་བསྙེན་རྫོགས་ཀྱི་སྡོམ་རྒྱུན་རྒྱ་ཆེར་འཕེལ་བ་ཡིན་ལ། ཞེས་བཤད་པ་ལྟར། རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོས་བསྲེགས་བཅད་བདར་བའི་གསེར་བཞིན་དུ་ལེགས་པར་དཔྱད་པས་ཐུགས་ངེས་འདྲོངས་ཏེ་དར་རྒྱས་སུ་མཛད་པའི་རྒྱུན་རྣམ་པར་དག་པ་འདི་ཉིད་མཆོག་ཏུ་གྱུར་པས་བླང་བྱར་དགོངས་ཏེ། ལེགས་སྦྱར་སྐད་དུ་ཤུུ་བྷ་ཀྲི་ཏ། ཤར་ཕྱོགས་མ་ཧཱ་ཙི་ནར་ཞིན་ཡིན་ཞེས་འབོད་ཅིང༌། སྟོད་འགྲེལ་བོད་ཡུལ་གྱི་སྐད་དུ་དགེ་བྱེད། དབང་ཐང་དང་བསྟུན་པའི་མིང་ཆུ་ཕོ་སྟག་གི་ལོའི་མཉམ་མེད་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱའི་དབང་པོས་ཆོས་རྒྱལ་ཟླ་བ་བཟང་པོར་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་རྩ་རྒྱུད་གསུངས་པའི་དུས་ཆེན། ཆུ་ཤེལ་དབང་པོ་ནག་པའི་དགའ་མ་དང་རྩེ་བའི་གྲལ་ཚེས་ཕུན་སུམ་ཚོགས་པའི་ཉིན། བོད་ཡུལ་གྱི་རྡོ་རྗེ་གདན་ཆེན་པོ་དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་ཉེ་འདབས་སུ། ཡོངས་རྫོགས་བསྟན་པ་རིན་པོ་ཆེའི་མངའ་བདག །རིག་གྲོལ་གྱི་ཡོན་ཏན་དུ་མའི་རྒྱན་གྱིས་ཉེ་བར་མཛེས་པ། བདག་ཅག་གི་སྟོན་པ་དང་རྣམ་དབྱེར་མ་མཆིས་པ། དོན་གྱི་སླད་དུ་མཚན་ནས་བརྗོད་ན་ངག་དབང་ཀུན་དགའ་ལྷུན་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱིས་མཁན་པོ། མདོ་སྔགས་རྒྱ་མཚོའི་ཕ་རོལ་ཏུ་སོན་ཞིང་ལས་ཀྱི་ཆོ་ག་ལ་མཁས་པ་ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་སངས་རྒྱས་རྒྱལ་མཚན་གྱིས་ལས་ཀྱི་སློབ་དཔོན། ཉེས་ལྟུང་དྲི་མའི་ཆུ་འཛིན་ལས་གྲོལ་བའི་སྡོམ་བརྩོན་ཆེན་པོ་ཚུལ་ཁྲིམས་རྒྱ་མཚོས་གསང་སྟེ་སྟོན་པ། དོལ་ཆོས་འཁོར་གནས་ཀྱི་སློབ་དཔོན་འདུལ་བ་འཛིན་པ་ཀུན་དགའ་ནོར་བུས་དུས་བསྒོ་བ། གནས་བརྟན་ཆེན་པོ་ཕྲེང་སྒོ་གཞི་པ་གྲྭ་