R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༠༨
[A:༤༠༨] སེམས་བསྐྱེད་ཆེན་མོ། སློབ་མ་རྗེས་འཛིན། ཞལ་གསོའི་ལྗགས་བསྙེན་རྣམས་སྣྲོན་ཟླའི་ཚེས་དགུའི་བར་ལ་གནང་སྐབས་སུའང་ཡབ་རྗེ་རྩ་བའི་བླ་མ་དམ་པ་ལ་སྔར་དང་ཡེ་མི་འདྲ་བའི་ཐུགས་དད་བཅོས་མིན་དུ་རྗེ་རྡོ་རྗེ་འཆང་ཆེན་པོ་ལ་འཁྲུངས་པ་ནི་གཞུང་ནས་གསུངས་པ་བཞིན་གྱི་བླ་མའི་བྱིན་རླབས་ཐུགས་རྒྱུད་ལ་ཞུགས་པ་ནི་དམ་པའི་རྣམ་ཐར་དུ་གོར་མ་བཀུམ། དེ་ལོའི་བསམ་བརླིང་ལྷ་མོ་མཆོད་ལ་རྗེ་རྡོ་རྗེ་འཆང་ཨ་ལྕེ་དྲུང་སྐུ་མཆེད་བཅས་ཕེབས། དེ་ཙམ་ནས་བཟུང་རྗེ་ཉིད་སྐབས་འགའ་མ་གཏོགས་ལྷ་མཆོད་ལ་ཕེབས་པ་ནི་རྣམ་པ་ཀུན་ཏུའོ། །དེ་མཚམས་ནས་འདི་ཁུལ་ལ་ནད་དེ་ཇེ་ཆེར་མཆེད་པས་ཡབ་རྗེ་མཆོག་ནས་གསུང་ཆོས་འཕྲོ་ཤོལ་མཛད་དེ་ཐུབ་བསྟན་སྐྱོང་བའི་མེལ་ཚེ་ཆེན་པོ་རྣམས་ལ་ཕྲིན་འཆོལ་དང༌། ཞལ་ངོ་རྣམས་ལ་འཇམ་ནག །ཁྱུང་ཁྲ་ནག །རྟ་མགྲིན་སྐྱེར་སྒང༌། རྣམ་འཇོམས། སྨེ་དུད་སོགས་ཀྱི་རྗེས་གནང་དང༌། བརྒྱ་བཞི། མ་མདོས། གླུད་རྫོང་རིགས་ལ་ཐུགས་འགྲུས་དང༌། ལྗགས་ཆུ། བསྲུང་བ། རིམ་གྲོའི་ཞལ་བཀོད་རྣམས་བཀའ་དྲིན་ཆེ་སྐབས་གཞུང་ཞབས་རིན་པོ་ཆེ་ནས་མདའ་དཔོན་པད་ལྕང་ལྷ་རྫོང་སྐུ་ཚབ་སོགས་མངགས་པས་འོ་བརྒྱལ་རྨ་ཐོག་ཤུ་བརྩེགས་ཀྱི་རྗེས་སུ་སྙེག་པ་ལྟ་བུ་དང༌། རིམ་གྱིས་དོན་དམ་རྡོ་རྗེ་ལྟ་བུའི་སྐུ་མཆོག་བརྙེས་སུ་ཟིན་པའི་རྗེ་རྡོ་རྗེ་འཛིན་ཆེན་པོས་ཀྱང་ཀུན་རྫོབ་ལྟར་སྣང་དང་བསྟུན་པར་མཛད་དེ་སྙུན་བབ་ལྕི་བར་བཞེས་རུང༌། སྤྱི་བྱེ་བྲག་གི་བསོད་ནམས་ཀྱི་མཆོད་སྡོང་ཆེན་པོར་འགྱུར་མེད་རྡོ་རྗེ་གསུམ་གྱི་རང་བཞིན་དུ་མཛད་པའི་སྐུ་དྲིན་ཡང་བསྐལ་པར་གཞལ་བའི་གོ་སྐབས་དང་བྲལ། དེ་ལོའི་གྲོ་བཞིན་བཛྲ་ཀཱི་ལ་ཡའི་སྒྲུབ་མཆོད་ཀྱང་དབུ་རྩེ་རྙིང་མར་ཚུགས་ཤིང་རྩ་འཆམས་ནང་དུ་མཛད་ནས་བྲུབ་འཆམས་ས་ཚོགས་སུ་མཛད་ཆོག་དང༌། ནད་ཐག་ཕལ་ཆེར་ཁྲུམས་ཟླའི་ནང་ཆོད་ནས་སྒོ་རུམ་སྟེང་འོག་སོགས་སུ་གཏང་རག་མཛད་དེ་ཟླ་སྐེད་ཙམ་ལ་ཞལ་