R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༡༠
[A:༣༡༠]སྨད་ཚོང་མར་སྣང་ནས་ཀྱང་སེམས་ཅན་གྱི་དོན་མཛད་དོ། །ཞེས་དང༌། འཇམ་མགོན་བླ་མ་ས་སྐྱ་པཎྜི་ཏས། ཁྱོད་ནི་རྒྱལ་དང་རྒྱལ་བའི་སྲས། །རབ་བྱུང་དགེ་བསྙེན་ཁྱིམ་པ་སོགས། །འགྲོ་བ་ཀུན་གྱི་གཟུགས་མཛད་ནས། །གདུལ་བྱ་ཐམས་ཅད་སྨིན་པར་མཛད། །ཉི་མའི་འོད་ཟེར་རབ་ཚ་ཡང༌། །མེ་ཤེལ་མེད་པར་མེ་མི་འབྱུང༌། །དེ་བཞིན་སངས་རྒྱས་བྱིན་རླབས་ཀྱང༌། །བླ་མ་མེད་པར་འབྱུང་མི་ནུས། །ཞེས་སོགས་མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་ནས་རྒྱ་ཆེར་གསུངས་ཤིང༌། མདོར་ན་སྣོད་བཅུད་ཀྱི་རྣམ་པ་ཅི་དང་ཅིར་སྣང་བའི་རྣམ་རོལ་དུ་མས་སེམས་ཅན་གྱི་དོན་མཐའ་ཡས་པ་ཞིག་མཛད་པ་ནི། འཇིག་རྟེན་ན་བློ་ལྡན་གཟུར་གནས་རྣམས་ཀྱི་དགོངས་པའི་བང་མཛོད་དུ་བཞུགས་པ་དེ་ལྟར་ལགས་པས། ངེས་པའི་དོན་དུ་ཁྱབ་བདག་སྐུ་བཞི་ཡེ་ཤེས་ལྔ་ལྡན་དེ་ཉིད་ཀྱི་ངོ་མཚར་མཛད་པའི་ཕུང་པོ་ཡོངས་སུ་རྫོགས་པ་ནི་སྲས་བཅས་རྒྱལ་བ་ཀུན་གྱིས་སྤྱོད་ཡུལ་དུ་གྱུར་པའང་མ་ཡིན་ན། རྨོངས་བརྟུལ་བདག་ལྟ་བུ་སྐྱེས་སྦྱངས་ཀྱི་ཡོན་ཏན་ཁབ་ཀྱི་མིག་བུ་བས་ཀྱང་ཆེས་ཕྲ་བ་ཞིག་གིས་སྤྱད་བྱར་ལྟ་ག་ལ་ཞིག་སྟེ། ཆ་ཤས་ཙམ་ཞིག་པྲསྟཱ་རའི་ལམ་དུ་འགྲིམས་འདོད་འདི་ཉིད་ཀྱང་མཁས་པ་རྣམས་ཀྱིས་གཞའི་གནས་སུ་གདོན་མི་ཟ་ཡང༌། ཇི་སྲིད་བྱང་ཆུབ་སྙིང་པོ་མ་ཐོབ་བར་གྱི་སྐྱབས་གཅིག་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཀྱི་དགོངས་པ་ཟབ་མོ་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་དུ་རྫོགས་པའི་ཆེད་དང༌། རང་ཉིད་ཀྱང་མཁས་པའི་བྱ་བར་བག་ཆགས་བཟང་པོ་འཇོག་པའི་ཕྱིར། འདི་ལྟ་བུའང་ངེས་པར་རིགས་པ་ཞིག་ལས་མི་རིགས་པའི་ཀླན་ཀ་འཇུག་པ་ནི་ནམ་ཡང་མ་མཆིས་པ། གང་གི་རྒྱུ་མཚན་དེ་རྣམས་ཀྱིས་གསལ་བས་ན། སྙན་ཚིག་དང་སྡེབ་སྦྱོར་སོགས་གོ་དཀའ་བ་ཆེར་སྤངས་ཏེ། ལྷག་བསམ་གཡས་འཁྱིལ་བཀྲ་ཤིས་ཀྱི་དུང་གི་རྗེས་སུ་ཞུགས་ནས། ཀུན་དང་ཐུང་མོང་དུ་གོ་བདེའི་ངག་གིས་འཆད་པར་སྤྲོ་བ་ལགས་སོ།། །། ༈ གཉིས་