R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༡༡
[A:༣༡༡]པ་ཕན་ཡོན་ཅན་གྱི་རྟོགས་པ་བརྗོད་པ་ལ། སྐྱེས་ཆེན་དམ་པ་རྣམས་ཀྱིས་སྐུ་སྐྱེ་བ་མཆོག་གི་ངོས་འཛིན་དང་རྗེ་རྡོ་རྗེ་འཆང་ཉིད་ཀྱིས་ཞལ་བཞེས་མཛད་ཚུལ། ༡ དེ་ཉིད་གནས་དང་རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པར་གཟིགས་ཏེ་ཕེབས་ཚུལ། ༢ འཁྲུངས་མ་ཐག་ནས་དགུང་གྲངས་བཅུ་གཅིག་ཡན་སྐུ་གཞོན་ནུའི་དུས་ཀྱི་ངོ་མཚར་མཛད་པའི་ཆ་རྣམས་ལོ་ཁམས་དང་སྦྱར་ཏེ་གོ་རིམ་བཞིན་དུ་སྟོན་པ། ༣ ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་གསེར་ཁྲི་རིན་པོ་ཆེར་དབང་བསྐུར་ཏེ་བསྟན་པ་དང་འགྲོ་བའི་ཕན་བདེ་རླབས་པོ་ཆེ་སྤེལ་ཚུལ། ༤ །ཞིང་འདིའི་གདུལ་བྱ་རེ་ཞིག་རྫོགས་ཏེ་མཐར་སྐུ་ཞི་བ་མཆོག་གི་དབྱིངས་སུ་ཐིམ་ཏེ་དགོངས་པ་ཟབ་མོ་རྫོགས་ཐབས་རྣམས་མཛད་ཚུལ་དང་ལྔ་ལས། དང་པོ་ལ། སྐྱབས་མགོན་འཁྲུལ་པའི་དྲི་མ་ཕྲ་མོ་ཙམ་ཡང་ཟད་པར་སྤངས་པའི་སྐྱེས་ཆེན་དམ་པ་རྡོ་རྗེ་འཆང་དེ་ཉིད་ཀྱི་གསུང་གིས་མདོར་བསྟན་པ་དང་ཡིད་ཆེས་བསྐྱེད་ཕྱིར་དེ་རྣམས་ཀྱི་རྣམ་པར་ཐར་པ་ཅུང་ཟད་བཤད་པའོ། །དང་པོ་ནི། འཇམ་མགོན་གྲུབ་པའི་དཔའ་བོ་དེ་ཉིད་ཀྱི་གསུང་རྩོམ་གྲོ་བཞིན་ཟླ་བའི་བཛྲ་ཀཱི་ལ་ཡའི་དཀྱིལ་འཁོར་སྒྲུབ་མཆོད་ཀྱི་སྐབས་གང་གི་རིགས་སྲས་དམ་པ་འཇམ་མགོན་དབང་གི་མཚན་ཅན་ཉིད་ཀྱིས་གསུང་བཤད་བཀའ་དྲིན་ཆེ་དུས་ཀྱི་འགོ་རྒྱང་ལས། འདི་ལྟར་འབྱུང་སྟེ། འཇམ་མགོན་ཨ་མེས་ཞབས་ཀྱིས་དཔལ་ས་སྐྱ་པའི་གདུང་རབས་མྱུར་འབྱོན་གསོལ་འདེབས་ལས། ངག་དབང་ལྷ་ཡི་ཏི་ལ་ཀ་ལས་འཁྲུངས། །འགྲོ་ཀུན་དགའ་མཛད་བཀྲ་ཤིས་འབྱུང་བའི་གནས། །ཞེས་སྔགས་འཆང་ཀུན་དགའ་བཀྲ་ཤིས་དང༌། ངག་གི་དབང་པོ་ཀུན་དགའ་བློ་གྲོས་མཚན། གསུང་བ་ནི་ངེད་རང་ཡིན་པའི་སྒྲུབ་བྱེད་གདུང་རབས་ཞལ་སྐོང་ལྷུན་གྲུབ་རྒྱུན་ཁྱོངས་ན། བླང་དོར་གསལ་བའི་མེ་ལོང་གི་སྦྱར་བྱང་ལུང་འདྲེན་དང་བཅས་ཤིན་ཏུ་གསལ་བ་བྲིས་ཡོད་དོ། །ལེགས་བཤད་བྱེ་བ་ངག་ལམ་ནས་སྤེལ་བ། །མཁས་དབང་ཀུན་ལ་