R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༠༩
[A:༣༠༩]ཞེས་དང༌། ལྷ་སྐུ་བྱེ་བ་སྟོང་བསྒོམས་པས། བླ་མ་དྲན་པ་བསོད་ནམས་ཆེ། །ཞེས་དང༌། བླ་མ་ཡོངས་བཟུང་གི་རྒྱུད་ལས། སློབ་དཔོན་ཡོན་ཏན་གླེང་བྱ་ཡིས། །སྐྱོན་རྣམས་ནམ་ཡང་མ་ཡིན་ནོ། །ཞེས་དང༌། འཕགས་པ་ཀླུ་སྒྲུབ་ཀྱིས་རིམ་ལྔ་ལས། མཆོད་པ་ཐམས་ཅད་སྤངས་ནས་ནི། །བླ་མ་མཆོད་པ་ཡང་དག་བརྩམས། །དེ་མཉེས་པས་ནི་ཀུན་མཁྱེན་པའི། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །ཞེས་སོགས་རྒྱས་པར་གསུངས་པ་ཡིན་ལ། །འོ་ན་སངས་རྒྱས་བྱང་སེམས་སོགས་མཆོད་ཡུལ་ཇི་སྙེད་ཅིག་ལས་རྡོ་རྗེ་སློབ་དཔོན་ལ་བསྔགས་པ་ཕན་ཡོན་དང་བྱིན་རླབས་ཆེ་བའི་རྒྱུ་མཚན་ཅིའི་ཕྱིར་ཞེ་ན། བ་ཚ་ཅན་ཆུ་ཀླུང་གི་མདོ་ལས། ལྔ་བརྒྱ་ཐ་མར་གྱུར་པ་ན། །ང་ཉིད་སློབ་དཔོན་གཟུགས་འཛིན་ཏེ། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པ་བསྐྱེད། །ཅེས་དང༌། སྡོང་པོ་བཀོད་པའི་མདོ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཐོབ་པ་ནི་དགེ་བའི་བཤེས་གཉེན་ལ་རག་ལས་པའོ། །བྱང་ཆུབ་སེམས་དཔའི་ཡོན་ཏན་ཡོངས་སུ་རྫོགས་པར་བྱ་བ་ཐམས་ཅད་དགེ་བའི་བཤེས་གཉེན་ལས་བྱུང་བའོ། །བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་གྱིས་བསྐྱེད་པའོ། །ཞེས་གསུངས་པ་སོགས་དང༌། ཡང༌། མདོར་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་རབ་ཏུ་ཐོབ་ཅིང༌། ཡོངས་སུ་འགྲུབ་པ་ནི་དགེ་བའི་བཤེས་གཉེན་ཁོ་ན་ལས་བྱུང་ངོ༌། །ཞེས་དང༌། མཁའ་འགྲོ་མ་རྡོ་རྗེ་གུར་ལས། རྡོ་རྗེ་སེམས་དཔའ་ལྟ་བུ་ཡིས། །དེ་ལྟར་སློབ་དཔོན་གཟུགས་འཛིན་ཏེ། །སེམས་ཅན་རྗེས་སུ་བཟུང་དམིགས་ནས། །ཕལ་པའི་གཟུགས་སུ་གནས་པའོ། །ཞེས་དང༌། ཡང་དེ་ཉིད་ལས། གང་དུ་སྣང་ནས་ཀྱང་སེམས་ཅན་གྱི་དོན་མཛད་དོ། །སེངྒེར་སྣང་ནས་ཀྱང་སེམས་ཅན་གྱི་དོན་མཛད་དོ། །ཆང་ཚོང་མ་དང་