R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༡༠
[A:༤༡༠]ཚན། སྤྱི་སྟབ་སྲིད་ཞི་དཔལ་འབྱོར་མ་སོགས་བསྐང་སྐོར། ཆོས་སྤྱོད་རབ་གསལ་ལྷ་མཐིལ་པར་མར་བཞུགས་དང་མ་བཞུགས་ཁ་ཤས། བསྟན་པ་གསོ་ཆོག་མངྒའི་མཚན་གྱི་གསུང་སོགས་ལྗགས་ལུང་ཕོན་ཆེ་བ་དང༌། གསུང་ངག་ཆ་ལག་ལམ་ཟབ་ཕྱི་ནང། བིར་བསྲུང་ཕྱི་ནང། བླ་མ་རིན་འབྱུང༌། ཚར་གསུམ་ཁུགས་པ་རྣམས་ཀྱི་བྱིན་རླབས་བཅས་ཟླ་གསུམ་ཙམ་གྱི་རིང་ཆོས་ཆར་བདུད་རྩིའི་ཟིལ་དངར་འབེབས་པར་མཛད་པའི་རྒྱུ་ལམ་དབང་གི་བཀའ་སྒྲུབ་སོགས་ཀྱི་སྐབས་རྗེ་རྡོ་རྗེ་འཆང་ཉིད་ཀྱིས་ཀྱང་ཞལ་རྒྱས་མཛད་པ་ལགས། དེ་སྐབས་ཀྱི་བར་སེང་རྣམས་ལ་ཡབ་རྗེ་མཆོག་དང༌། དབུ་བྱེད་ཡེ་ཤེས་རྒྱལ་མཚན། བརྩོན་འགྲུས་ཡེ་ཤེས་སོགས་ལས་བདེ་ཀྱེ་གསང་གསུམ་སོགས་གདན་ས་ཆེན་པོར་བཞུགས་པའི་ཆོ་ག་ཕྱག་ལེན་དབྱངས་རོལ་སོགས་གསན་སྦྱངས་མཐའ་ཆོད་པ་བཀའ་དྲིན་བསྐྱངས། སྨིན་ཟླ་ཙམ་ལ་ནད་ཁྲུན་ཡོངས་རྫོགས་ཆོད་ནས་མགོ་ཟླའི་བདེ་མཆོག་སྒྲུབ་མཆོད་དང་དུས་མདོས་སོགས་རྗེ་རྡོ་རྗེ་འཆང་ཉིད་ཀྱི་ཐུགས་འགན་བཞེས་ཤིང༌། དུས་མདོས་ཀྱི་ཉེར་གསུམ་ཉིན་གང་གི་ཡབ་རྗེ་དམ་པ་ཉིད་འཆམས་སྐུ་རྣམས་ལ་སྙན་ཤལ་འབུལ་བར་ཕེབས་ནས་གྲལ་གཤམ་དུ་ཚོགས་ཕྱག་མཛད་པའི་ཚེ། རྗེ་རྡོ་རྗེ་འཆང་ཉིད་བཞུགས་ཁྲིའི་སྟེང་མི་ཚུགས་པ་ལྟ་བུའི་འཚེར་ཉམས་བྱུང་ཞེས་བཀའ་སྩལ་ཏོ། །དེ་དག་གི་དོན་བསྡུ་ན། དམར་སེར་དྷཱིཿཡིག་སྤྲོ་བསྡུའི་ངང་མོ་ཡིས། །སྐལ་ལྡན་ཡིད་ཀྱི་ཆུ་བྱའི་སྣ་དྲངས་ནས། །མཐའ་བྲལ་མཁྱེན་རབ་ཆུ་གཏེར་ཆེན་པོའི་ངོགས། །རབ་ཏུ་སྦྱར་འདི་ཆོས་སྒོ་གསུམ་པར་ངེས། །ཕྱི་ནང་རྐྱེན་གྱིས་མི་བརྫི་རྡོ་རྗེའི་སྐུར། །ཅོལ་ཆུང་ཚེར་མའི་མིང་གི་ཕོ་ཉ་དེས། །བག་མ་ཕྱིར་བསྙགས་ལ་འདོད་འབྲས་སྦྱིན་པའི་སྒོ། །ཕྱི་ཕྲལ་སྐྱེངས་ཏེ་མི་མངོན་དབྱིངས་སུ་དེངས། །མངོན་གྱུར་ས་ལ་དབང་བའི་བི་རཱུའི་གཞུང༌། །ཌཱ་ཀིའི་ཞལ་རླངས་འཐུལ་བའི་ཆ་ལག་བཅས། །ཆོས་ཀྱི་འཁོར་ལོའི་མཛོད་དུ་