R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༡༡
[A:༤༡༡]ཉེར་བཟུང་ནས། །མཁས་མང་དབུས་སུ་རྡོ་རྗེའི་ཁྲི་ལ་འགྱིངས། །ཞེས་ཀྱང་སྨྲས་སོ།། །། ༈ དགུང་གྲངས་བཅུ་གསུམ་དུ་ཕེབས་པ་ལྕགས་བྱ་རྟ་ཟླའི་ནང་ཡབ་རྗེ་མཆོག་ནས་དགུང་ཀེག་རྐྱེན་སེལ་ལ་དམིགས་སྒོ་རུམ་དུ་ཚེ་སྒྲུབ་བཅད་རྒྱ་དང༌། སླར་ཕོ་བྲང་དུ་བྱོན་སྐབས་རྗེ་རྡོ་རྗེ་འཆང་སོགས་ནས་རྟགས་རྟེན་འབྲེལ་བཟང་མིན་ཞུ་གནང་གི་ཕྱིར་ཕེབས་སུ། ལྟས་ཀྱང་བཟང་བར་རང་མ་བྱུང༌། བཟླས་པ་འགྲོ་ཆུང༌། བསེ་མགོན་བཞུགས་ཁྱིམ་དུ་བས་འགྲིབ་པ་ལྟ་བུས་མི་མཐོང༌། ཡབ་རྗེ་དེ་ཉིད་ཡང་ཡང་རྨི་ལྟས་སུ་ཕེབས་པ་ཞིག་བྱུང་གདུང་སྤུན་རང་ལ་གསུང་ངག་སློབ་བཤད་འདི་ཕྲལ་དུ་འཕྲོད་རེ་བྱེད་ཅེས་ཡང་ཡང་གསུངས་པས་རྗེ་ཉིད་ཀྱི་ཐུགས་ལ་སྐྱོ་སྣང་དྲག་པོ་ཞིག་འཁྲུངས། ནག་ཟླའི་མཇུག་ཙམ་ལ་གཟིམ་ཤར་མགོན་ཁང་དུ་ཡབ་སྲས་ཞལ་རྒྱས་ནས་པུ་ཏྲའི་མདོས་ཟོར་སྒྲུབ་གནང་གིས་ཕྱིར་འཕེན་མཛད། ས་གའི་རིལ་སྒྲུབ་ལ་རྗེ་ཉིད་ལའང་ཕེབས་ཤིག་པ་གནང་ཡང་གསང་འདུས་སྒྲུབ་མཆོད་ལ་ཐོག་མར་ཕེབས་རྒྱུ་དང་ཐུག་པས་དགོངས་ཞུ་མཛད། སྣྲོན་ཟླའི་ལྷ་མོ་མཆོད་ལ་ཡབ་རྗེ་ཉིད་མ་ཕེབས་ན་ལེགས་ཚུལ་ཞུ་བར་མཛད་པས། འདི་ལོ་ཅིས་ཀྱང་འགྲོ་སླར་མི་ཤེས་གསུངས་ནས་ཕེབས་པས་རྩ་སྐྱེད་ཀྱི་ཐད་ཙམ་དུ་རྒྱུ་མཚན་མེད་པར་ཐུགས་ལ་སྐྱོ་ཤས་དྲག་པོ་འཁྲུངས་བྱུང་ཞེས་རྗེ་རྡོ་རྗེ་འཆང་ཉིད་ལ་བཀའ་སྩལ། དེ་ནས་མངྒའི་མཚན་ཅན་གྱི་ཡིག་སྟེང་ནས་གྲུབ་ཐོབ་ཚེ་དབང་ཞིག་སྩལ་བ་རྗེ་ཉིད་ཀྱིས་ཀྱང་གསན། ཚེས་དགུ་ནས་བཟུང་ཡབ་རྗེ་རྡོ་རྗེ་འཆང་ཉིད་ལ་འདི་ཡིན་མེད་པའི་སྙུན་གཞི་སྐུ་ཤེད་ཉམས་སྟོབས་ཆེ་ཞིང་གསོལ་དང་ཇེ་ཞན་དུ་འགྲོ་བ་ལས་སྙུན་ཟུག་སོགས་ཆེར་མེད་པ་ཞིག་བཞེས་སྐབས། གསོལ་སྨན་སྐུ་རིམ་སོགས་འཐུད་ཤོལ་མེད་པ་དང༌། ལྷག་པར་མཁའ་འགྲོ་བསུན་བཟློག་ཡང་ཡང༌། གཞན་ཡང་གང་འཚམས་ཀྱི་མཛད་སྒོ་རྣམས་རྗེ་རྡོ་རྗེ་འཆང་ཉིད་ཀྱི་དབུ་གཡས་ཚང་མས་བཀའ་དྲིན་ཆེ་མུར་དང་