R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༡༢
[A:༤༡༢]བཞེས་ཡོང་རེ་དང༌། ཡབ་རྗེ་མཆོག་ནས་ཀྱང་གསུང་ངག་སློབ་བཤད་གནང་ཤག་གི་མུར་བྲག་རྩ་རྡོ་རྗེ་འཆང་དང༌། ཐུབ་བསྟན་མཁན་ཆེན་ཚུལ་ཁྲིམས་བཟང་པོའང་བྱོན་པས་མཁན་ཆེན་ལ་སྔར་ནས་རྐྱེན་སེལ་ཞུ་མུ་བཞིན་ཚེ་དབང་གུར་དྲག་ཁྲོ་བཅུའི་རྗེས་གནང་སོགས་གསན་ཞིང༌། གཟིམ་ཆུང་ནས་ཁྱོགས་ལ་གདན་འདྲེན་ཞུས་དུས་མཁན་ཆེན་དེས་ཨག་གསུང་བ་དང་སྤྱན་ཆབ་མཛད། དེ་དུས་གསུང་འཕྲོས་རང་བཞིན་གྱི་སྐབས་ངེད་ནས་ཆོས་རྣམས་མ་འཕྲོད་པ་བྱུང་ན་ཐར་རྩེ་དང༌། བྲག་རྩ་བ་སོགས་ལ་ཞུས་ཤིག་གསུངས། ཚེས་བཅུ་གསུམ་པར་སྐུ་ཁམས་རེས་འཇོག་དང་དེ་ནས་ཇེ་ཞན་གྱིས་སྤྱི་སྒེར་ནས་ཞབས་བརྟན་སྐུ་རིམ་རྣམས་བསྟུད་མར་མཛད་མུའི་བཅུ་དགུ་ནས་ཐུགས་དམ་ཉམས་བཞེས་རྣམས་སྔར་ལས་ཡུན་རིང་བར་མཛད་པ་དང༌། མགུལ་གློ་དང་མནལ་ཡེར་བ་སོགས་ལ་གློ་གཅོག་མནལ་འགུགས་ཀྱི་གཏོ་དང༌། རྗེ་རྡོ་རྗེ་འཆང་ཉིད་ལ་ལྗགས་སྔགས་འབུལ་དགོས་ཀྱི་བཀའ་བཞིན་ལ་ཐུགས་འཚེར་ཤིན་ཏུ་ཆེ་བ་འཁྲུངས་ཀྱང༌། བླ་མ་མཉེས་བྱེད་གང་ཡིན་བྱ། །ཞེས་དང༌། སེམས་དགེ་བ་ལ་ཉེས་པ་མེད། །ཅེས་སོགས་ཐུགས་མཚོར་དགོངས་ཏེ་མན་ངག་སྡུད་སུད་ནས་འབྱུང་བའི་སྔགས་དང་གཏོ་སོགས་ཡང་དག་མཛད། ཉེར་བཞིའི་ཉིན་བཞུགས་གཡབ་ཏུ་བཞུགས་སྐབས་བཞུགས་སྟན་ཕྱོགས་བཞིར་བསྒྱུར་གསུང་བ་བཞིན་མཛད་དུས་སྤྱན་ནམ་མཁར་ཧད་ཀྱིས་གཟིགས། དེ་སྐབས་རྗེ་རྡོ་རྗེ་འཆང་སྐུ་མཆེད་ཡུམ་མཆོག་རྣམས་ནས་སྤྱི་སྒོས་བསྟན་པ་རིན་པོ་ཆེར་དགོངས་ནས་ཞབས་པད་བརྟན་དགོས་ཀྱི་གསོལ་འདེབས་མཛད་པས། འདུན་པ་གང་དྲག་བགྱིད་གསུངས་པ་ལས་གཞན་ཅི་ཡང་བཀའ་མ་སྩལ། དེ་དུས་སྣྲོན་ཟླའི་མཆོད་འབུལ་ཉེར་ལྔར་མཛད་སྐབས་ཡིན་པས་ཆོས་གྲྭ་ལྷོ་བྱང་ནས་ཀྱང་ཞབས་བརྟན་གསོལ་འདེབས་དང༌། རྗེ་རྡོ་རྗེ་འཆང་ཉིད་ཀྱི་མགོན་དེས་ཟླ་རེར་ཆག་མེད་གནང་བའི་གུར་དྲག་ཕྲིན་གཞུང་བཀའ་