R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༡༩
[A:༤༡༩]ལ་ནི་རྣམ་པ་ཀུན་ཏུ་མི་དགྱེས་པས། འདིར་ཡང་རྡོ་རྗེའི་གསུང་དེ་ཉིད་ཙི་ཏྟར་བཅངས་ཏེ་བགྱིས་པའི་ཁུལ་དུ་ལགས། དེ་ནས་ཁོང་དཔོན་གཡོག་སོགས་ལ་ཀྱེ་རྡོ་རྗེ་མན་ངག་ལུགས་ཀྱི་དབང་ཆེན་འགའ་དང༌། གྲུབ་ཐོབ་དང་རས་ཆུང་པའི་ཚེ་དབང་སྐུ་དངོས་རྣམས་ལ་སྒོ་རུམ་ཡེ་ཤེས་མགོན་པོའི་སྐུ་དྲུང་དུ་གུར་ལྷ་བརྒྱད་ཀྱི་རྗེས་གནང་དང་སྒྲགས་བཀའ་བསྒོ་སོགས་ཐུགས་འདོད་ཀྱི་རེ་བ་ཡོངས་སུ་ཆོས་ཀྱི་སྒོ་ནས་ཁེངས་པར་མཛད། དེ་ནས་དད་པའི་རྩ་བ་བརྟན་པོ་དང་ལྡན་ན་མཐོང་ཐོས་དྲན་རེག་ཀུན་དོན་ལྡན་དུ་འགྱུར་བའི་དྲི་གཙང་ཁང་རྣམས་སུ་མཆོད་འབུལ་གནས་གཟིགས་བསྔོ་སྨོན་སོགས་ཡང་དག་པས་མཚམས་སྦྱོར་རྣམས་མཛད་རྗེས་གདན་ས་ནས་འཐོན་ཉེའི་ཕེབས་ཕྱག་སོགས་ལུགས་ཟུང་གི་བདག་རྐྱེན་ཡང་དག་པ་སྩལ་ནས། བླ་མ་གོང་མ་རྣམས་ཀྱི་ཕྱག་ལེན་ཕྲ་མོ་ཚུན་ཆད་མི་ཉམས་དར་རྒྱས་སུ་མཛད་པའི་དམ་བཅའ་ཐུགས་ཀྱི་དཔལ་བེར་དམ་དུ་བཟུང་སྟེ། བདེ་ཀྱེ་གསང་གསུམ། བདག་མེད་མ། མཁའ་སྤྱོད་མ་སོགས་གདན་ས་ཆེན་པོའི་ཚུགས་སྒྲུབ་མཆོད་རྣམས་ཀྱི་རྡོ་རྗེ་སློབ་དཔོན་ནར་མར་བཀའ་དྲིན་ཆེ་བའི་བར་མཚམས་རྣམས་སུ་དབང་བསྐུར། རྗེས་གནང༌། ལུང་སོགས། ཆོས་འཆད་ཀྱིས་དུས་འདའ་བཞིན་པ་ནས། ས་ཟླ་སྟོབས་ཀྱི་མགོན་པོ་རྣལ་འབྱོར་དབང་ཕྱུག་གི་དུས་ཆེན་དང་བསྟུན་རྒྱུན་གྱི་བཟའ་བའི་དམ་ཚིག་བདུད་རྩི་རིལ་བུ་སྒྲུབ་པའི་སྔོན་དུ་ཀྱེ་རྡོ་རྗེའི་ལྗགས་བསྙེན་ཁ་གསོ་བདུན་ཕྲག་དང༌། ཆིག་སྒྲུབ་ཐོག་མར་གནང་སྐབས་ཕྱེ་མ་དང༌། དེ་ནས་རིལ་བུ་འཕེལ་ཆེ་བ། མདོག་ལེགས་པ། རོ་བྲོ་བ་སོགས་མྱོང་གྲོལ་བདུད་རྩི་རིལ་བུ་ཞེས་མཚན་སྙན་དང་ལྡན་པ་བསྐྲུན་ཏེ་ཀུན་ངོ་མཚར་གྱི་དཔལ་ལ་འགོད་པར་མཛད། དབྱུག་ཟླའི་ཡར་ཚེས་དགེ་བར་མགོན་ཁང་རྣམས་སུ་ཕྲིན་འཆོལ་མཐར་ཕྱིན་གྱིས་བཅུ་བཞི་འཁོན་དཀོན་མཆོག་རྒྱལ་པོ་དང་རྗེ་བཙུན་བརྩེ་བ་ཆེན་པོའི་དུས་ཆེན་གཉིས་འཛོམ་ཐོག་རྗེ་