R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༡༢
[A:༣༡༢]དགའ་བདེའི་དཔལ་སྟེར་མཁས། །སྙན་པའི་གྲགས་པས་ཡོངས་ཁྱབ་ས་སྐྱ་པའི། །གདུང་རིགས་དྲི་མེད་རྒྱུན་ཆད་མེད་བྱོན་ནས། །ཕྲིན་ལས་རྒྱ་མཚོའི་གོས་སུ་ཁྱབ་གྱུར་ཅིག །ཅེས་པ་འདི་ནི་མ་འོངས་དུས་སྔ་ཕྱི་གང་ལ་འབྱོན་ཡང༌། མཚན་ངག་དབང་ཀུན་དགའ་གྲགས་པ་ཞེས་སྙན་གྲགས་ཕྱོགས་བཅུར་ཁྱབ་པ་ཞིག་བྱོན་ནས། འཁོར་བ་མ་སྟོངས་ཀྱི་བར་འབྱོན་འགྱུར་ཐུགས་སྨོན་གནང་འདུག་པས་དེ་ལྟར་རོ། །གཞན་ཡང༌། གཏེར་སྟོན་ཆེན་པོ་ཀུན་བཟང་བདེ་ཆེན་རྒྱལ་པོས་རྫོགས་ཆེན་བསྟན་པའི་མངའ་བདག་བི་མ་ལ་མི་ཏྲའི་རྣམ་སྤྲུལ་ཡིན་གསུང་བ་དང༌། གཏེར་སྟོན་ཆེན་པོ་ཐེག་ཆེན་གླིང་པ་ཀརྨ་འགྲོ་དོན་རབ་འཕེལ་གྱིས། ལྷ་ལུང་དཔལ་གྱི་རྡོ་རྗེའི་ཡང་སྲིད་ཡིན་གསུངས་པས་སོ། །ཞེས་གསུངས་པ་དེ་དག་གིས་མདོར་བསྟན་ནས།། །། ༈ གཉིས་པ་ཡིད་ཆེས་བསྐྱེད་ཕྱིར་དེ་རྣམས་ཀྱི་རྣམ་པར་ཐར་པ་ཅུང་ཟད་བཤད་ན། རྩོད་པའི་དུས་ཀྱི་རྒྱལ་བ་གཉིས་པ་འཇམ་མགོན་ཨ་མེས་ཞབས་ཞེས་སྙན་པའི་བ་དན་སྲིད་རྩེར་བརྒལ་བ་དེ་ཉིད་ནི། སྤྱི་དྲེགས་པའི་ཡང་རྗེ་གནོད་སྦྱིན་ཙིའུ་དམར་པོ་ཞེས་བཅོམ་ལྡན་འདས་དཔལ་རྟ་མགྲིན་གྱིས། སྤྲུལ་པའི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་ཞིང༌། རྒྱུད་ཡོངས་སུ་སྨིན་ཅིང་གྲོལ་བར་མཛད་པ་དང༌། བྱེ་བྲག་གྲུབ་པའི་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་བས་ཟབ་མོའི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་ཞིང༌། གསང་མཚན་ཀུན་ཁྱབ་རྡོ་རྗེ་དྲག་པོ་རྩལ་དུ་གསོལ་ཏེ། དཔལ་ཟན་ཡངས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོ་སོགས་བོད་ཀྱི་གནས་ཆེན་རྣམས་སྲུང་ཞིང་སྐྱོང་བའི་བསྟན་པའི་མེལ་ཚེ་ཆེན་པོ་དང༌། བསྟན་འཛིན་སྐྱེས་བུ་རྣམས་ཀྱི་ཕྲིན་ལས་སྒྲུབ་པའི་བཀའ་ཚིག་རྡོ་རྗེའི་རེ་ཁཱ་ཡིད་ཀྱི་མེ་ལོང་དུ་དམ་པོར་བཟུང་བའི་