R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༢༧
[A:༤༢༧]གྱིས་གཏམ་སྙན་བཞུགས་ཁྲིར་ཆོས་སྡེའི་ཐབ་བསུའི་ཐོག་ཆོས་རྗེ་ཁུ་དབོན་གྱི་ལོ་རྒྱུས་སོགས་ཞིབ་རྒྱས་སུ་ཕུལ། བོད་ཀྱི་མཁར་ཆགས་པའི་ཐོག་མར་གྲགས་པ་ཡུམ་བུ་བླ་མཁར་གཙུག་ལག་ཁང་དུ་མཆོད་འབུལ་སོགས་ཀྱི་སྐབས། རྒྱལ་རབས་ཆོས་འབྱུང་ལོ་རྒྱུས་ཀྱི་བཤད་པ་ཆུ་འབབ་ལྟར་གནང་བས་ཐུགས་ཡིད་འཕྲོགས་ཏེ། ཡབ་རྗེ་རྡོ་རྗེ་འཆང༌། ཐར་རྩེ་རྡོ་རྗེ་འཆང༌། བྲག་རྩ་བ་ཆེན་པོ་རྣམས་ངེས་ཤེས་གཏིང་ནས་རྙེད་པའི་བླ་མ་དམ་པར་རང་ཡིན་ཀྱང༌། ད་ལྟའི་སྐུ་གསུང་ཐུགས་ཀྱི་མཛད་སྤྱོད་འདི་ལ་དཔགས་ན་བླ་མ་འདི་དེ་བས་ལྷག་པ་ཞིག་མེད་ཀྱང་མི་ཞན་ངེས་པར་འདུག་དགོངས་པའི་ཐུགས་མོས་དང་བཅས་བླ་བྲང་གི་སྒོ་སྤེ་མཁན་ཆེན་གཞོན་ནུ་བློ་གྲོས་ཀྱི་གཟིམ་ཆུང་དུ་གདན་འཇགས། སང་ཉིན་སྒྲོལ་དཀར་གྱི་གསུང་ཆོག་རྒྱས་པ་སྔོན་འགྲོའི་ཞབས་བརྟན་གྱི་ཚེ། སྐུ་གསུང་ཐུགས་རྟེན། མཎྜལ། ཞལ་དཀར་སྟེགས་བཅས། གདིང་བ། གོས་ཀྱི་བླ་བྲེ་སོགས་རྟེན་འབྲེལ་གྱི་རྫས་གྱ་ནོམ་པ་དང༌། སྤྱི་སོ་ནས་ཀྱང་དངོས་འབུལ་བླ་མེད་བཅས་མཛད་སྦྱོར་གྱི་མཐར་སྐུ་གསུང་ཐུགས་འགྱུར་མེད་རྡོ་རྗེ་གསུམ་གྱི་རང་བཞིན་དུ་བཞུགས་ཏེ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བ་སོགས་བཀའ་མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་ནས་དྲངས་པའི་ལུང་རིག་གི་ལེགས་བཤད་སྩལ་པ་ཐུགས་ཀྱི་དཔལ་བེར་སིམ་པ་སོགས་ཀྱི་རྐྱེན་གྱིས། ད་ཆ་བླ་མ་འདིའི་ཞབས་པད་བསྙེན་ནས་གསུང་གི་བདུད་རྩི་ངོམ་མེད་དུ་གསོལ་བ་ཞིག་བྱུང་ན་ཅི་མ་རུང་དགོངས་པའི་དད་མོས་ལྷག་པར་ཡང་འཁྲུངས་པ་ནི། རྒྱལ་སྲས་ཤཱནྟ་དེ་ཝས། ད་ནི་བདག་གིས་ཅི་ནས་ཀྱང༌། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟ་བྱ། །ཞེས་བྱང་ཆུབ་སེམས་དཔའི་སྤྱོད་པ་བླ་ན་མེད་པའོ། །དེའི་ཚེ་མཛོད་འཛིན་གྱིས། ཡབ་རྗེ་མཆོག་སོགས་བླ་མ་དམ་པ་འགའ་