R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༣༠
[A:༤༣༠]སེར་མང་པོར་ཁྲོམ་དབང༌། རྒྱལ་རྩེར་ཡང་དེ་བཞིན་བགྱིས། གུར་པར་འཇམ་དབྱངས་དམར་སེར། ས་པཎ་བླ་མའི་རྣལ་འབྱོར། འབྱུང་འདུལ་བླ་མ་མཆོད་ཆོག་རྣམས་དང༌། རྐྱང་འདུར་བདེ་ཅན་དང་ངོར་ཨེ་ཝཾ་ཆོས་ལྡན་དུའང་དེ་བཞིན། དགེ་སྡིངས་གཞིས་ཁར་ཁྲོམ་དབང་སོགས་མཛད་དེ་རྟ་ཟླའི་ནང་ཆིབས་བསུ་སོགས་སྔར་རྒྱུན་བཞིན་གྱིས་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་ཕྱགས་ལེགས་པར་ཕེབས་ཏེ་དགའ་སྟོན་གཏང་རག་སོགས་ཀྱིས་དུས་འདའ་བའི་སྐབས་སོ། །དེ་དག་གི་དོན་བསྡུ་ན། མདོ་ཁམས་ས་སྐྱོད་བློ་གྲོས་ཀུམྦྷའི་སྣོད། །བརྒྱད་ལྡན་ཞི་བསིལ་རེ་བའི་བཅུད་ཀྱི་རྫོགས། །སྙིང་པོ་བདེ་ཆེན་ལེན་པའི་དཀྱིལ་འཁོར་དུ། །ཟུང་འཇུག་ཡི་གེ་བཞི་ལྡན་ངོ་བོ་བཞེངས། །འཆི་མེད་མྱོང་གྲོལ་བཅུད་ལེན་རྫས་སྔགས་དང༌། །ཏིང་འཛིན་ནུས་མཐུས་བསྐྲུན་པའི་དགེ་མཚན་ལྟས། །ལྷུན་གྲུབ་གསལ་དེས་ཀུན་གྱི་ཡིད་འཕྲོགས་ནས། །བདེན་གཏམ་ལྕེ་རྩེའི་ངོས་ནས་ཡང་ཡང་རྒྱུག །གངས་ལྗོངས་ལྷ་གཅིག་པད་དཀར་འཆང་བ་ཡི། །ཐུགས་རྗེ་སྤྲོ་བསྡུའི་རྟེན་འབྲེལ་ཇོ་ཞལ་ཟུང༌། །ཉིད་ཀྱི་སྒྱུ་འཕྲུལ་ཟློས་པའི་གར་དང་བཅས། །དབུས་གཙང་སྦྱིན་དང་བདེ་གཤེགས་མཆོད་ཀྱིས་བསྐྱངས། །ཞེས་ཀྱང་སྨྲས་སོ།། །། ༈ དེ་ནས་ཧོར་ཟླ་གཉིས་གསུམ་གང་རིགས་ཀྱི་བདུན་ཕྲ་གཅིག་རིང་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་དང་ཚེ་རྟ་སྦགས་སྒྲུབ་ཀྱི་ལྗགས་བསྙེན། སྒྲོལ་དཀར་གྱི་སྦྱིན་སྲེག་བཅས་བཀའ་དྲིན་ཆེ་ཞིང༌། ས་གའི་མཇུག་ནས་ཟླ་གཅིག་རིང་ཁྱད་འཕགས་མགོན་ཁང་དུ་གུར་གྱི་མགོན་པོའི་ལྗགས་བསྙེན་ཡི་གེ་བཅུ་གཉིས་མ་འབྲུ་འབུམ་སྦྱིན་སྲེག་བཅས་མཛད་པ་ནི་གུར་གྱི་ལྗགས་བསྙེན་དང་པོའི་སྐབས་དང༌། ཆུ་སྟོད་ཟླ་བའི་ཚེས་འགོར་རྗེ་བཙུན་རིག་བྱེད་ལྷ་མོའི་ལྗགས་བསྙེན་ཞག་བདུན་སྦྱིན་སྲེག་བཅས་གནང་སྐབས་རྣམས་ལ་དངོས་ཉམས་ཀྱི་ལྟས་ཡ་མཚན་ཡོད་ཚུལ་རྣམས་ཟིན་བྲིས་མ་མཆིས་ཤིང༌། འོན་ཀྱང་རིག་བྱེད་མའི་