R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༣༥
[A:༤༣༥]བཞེས་ཀྱི་ཆོས་སྦྱིན་མཐའ་ཡས་པ་ཞིག་གིས་འདིར་མ་ཟད་སྐུ་ཚེ་རིལ་པོར་འདའ་བར་མཛད་པ་རྣམས་ཀྱང༌། དབྱིག་གཉེན་གྱིས། ཆོས་སྦྱིན་ཉོན་མོངས་ཅན་མིན་པས། །མདོ་སོགས་ཇི་བཞིན་ཡང་དག་སྟོན། །ཅེས་དང༌། བསླབ་བཏུས་ལས། ཆོས་ཀྱི་སྦྱིན་པ་ཟང་ཟིང་མེད། །བསོད་ནམས་འཕེལ་བའི་རྒྱུ་ཡིན་ནོ། །ཞེས་གསུངས་པ་ལྟར་གྱི་སྒོ་ནས་ལེགས་པར་འདོམས་པ་སོགས་གདན་ས་དེའི་འགྲོ་དོན་རྣམས་མཛད་ཟིན་ནས་རྗེ་བཙུན་སྒྲོལ་མས་ལུང་བསྟན་པའི་གནས་ངོར་ཨེ་ཝཾ་ཆོས་ལྡན་གྱི་ཆོས་གྲྭ་ཆེན་པོར་དབང་རྗེས་གནང་སོགས་ཀྱིས་སྐལ་ལྡན་རྣམས་ཆོས་ཆར་གྱི་ཚིམས་པར་མཛད་ནས། འོག་མིན་སྟུག་པོ་བཀོད་པའི་ཞིང་དང་མཚུངས་པར་རྡོར་འཛིན་བྱེ་བའི་གཙུག་རྒྱན་རྗེ་བཙུན་རིན་པོ་ཆེ་སོགས་གོང་མ་མང་པོར་རྗེ་འབྲང་བཅས་ནས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བར་མཛད་པའི་གནས་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་ཕེབས་ཏེ། ས་གའི་རྣལ་འབྱོར་དབང་ཕྱུག་བིརྺ་པས་ས་དྲུག་གི་རྟོགས་པ་རྣམས་ཉིན་རེ་བཞིན་རིམ་གྱིས་བརྙེས་པའི་དུས་ཆེན་དང་བསྟུན་མྱོང་གྲོལ་བདུད་རྩི་རིལ་བུའི་སྒྲུབ་པ་རྣམས་གྲོལ་རྗེས། ཁལ་ཁ་ཆོས་རྗེ་ངག་དབང་ལྷུན་གྲུབ་དར་རྒྱས་ལ་ཀྱེ་རྡོ་རྗེའི་རྒྱུ་དབང༌། ཀུ་རུ་ཀུ་ལླེ་ལྷ་ལྔ་དང་འཁོར་ལོ་བདེ་མཆོག་ནག་པོ་པའི་དབང་རྣམས་དང༌། གཙུག་ཏོར་འབར་བའི་རྗེས་གནང༌། འཇམ་མགོན་ཨ་མེས་ཞབས་ཀྱིས་མཛད་པའི་བདེ་ཀྱེ་གཉིས་ཀྱི་སྒྲུབ་དཀྱིལ། རྩ་བ་རྡོ་རྗེའི་ཚིག་རྐང༌། གཙུག་འབར་བསྟོད་པ་རྨོར་མཛད་ཀྱི་ལུང་རྣམས་སྒྱི་ཆུ་བླ་མ་སྒང་སྟོད་ཆོས་མཛད་ལའང་སྩལ་ཞིང༌། གཞན་ཡང་རིག་བྱེད་མ་དང་ཚོགས་བདག་ཐུན་མོང་དང་ཐུན་མོང་མ་ཡིན་པ་ཁྱད་པར་ཞར་བྱུང་དང་བཅས་པའི་རྗེས་གནང༌། ཀག་ཆོལ་འདོད་པའི་རྒྱལ་པོ་ཐུན་མོང་བ། དམར་ཆུང་སྐོར་གསུམ། མགོན་དཀར་ཡིད་བཞིན་ནོར་བུ། བེར་གཅེར་རྣམ་གཉིས། དུད་སོལ་མ་ཐུན་མོང་བ་རྣམས་ཀྱི་