R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༤༠
[A:༤༤༠]ནོ། །ཞེས་ཡང་ཡང་གསུང་ལས་ཐོས་སོ། །གཞིས་རྩེ་ཕྱོགས་ནས་ངོར་དུ་ཆིབས་བསྒྱུར་གྱི་སྐབས་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་ཕྱག་ཡོངས་སུ་རྫོགས་པ་ཞིག་གཟིགས་ཤིང༌། ཐར་རྩེ་ཕེབས་འཕྲལ་ཐར་རྩེ་རྡོ་རྗེ་འཆང་གི་གསུང་ལས། དེ་རིང་སྐུ་ཞབས་རིན་པོ་ཆེ་ལ་ལས་གཤིན་རིགས་གསུམ་གྱི་རྗེས་གནང་སྦྲེལ་ནས་འབུལ་དགོས་འདུག་པས་བཀའ་སྒྲུབ་ད་ཅི་ནས་ཚར་ཟིན་པས་གསོལ་སྟོན་གྲོལ་འཕྲལ་འབུལ་ལོ་ཞེས་སྩལ་བའི་ངོ་མཚར་ཕན་ཚུན་འགྲན་རེས་ནི། སྔོན་གྱི་དུས་སུ་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་དང་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་སོགས་འཁྲུལ་ཟད་གོང་མའི་རྣམ་ཐར་དང་མཚུངས་ཤིང༌། གཞན་དུ་དེ་སྐབས་རྣམས་སུ་སྐུ་གེགས་ཀྱི་རྣམ་པ་ཉམ་ང་བ་དེ་དག་ཁྲོ་རྒྱལ་མ་ཧེའི་ཞལ་ཅན་གྱི་སྒོ་ནས་ངལ་བ་འབྲས་མེད་དུ་མཛད་པ་ནི་གོར་མ་ཆག་གོ །ལོ་དེའི་གྲོ་བཞིན་གྲང་ཆེན་སྐུ་རིམ་པ་རྣམས་ལ་ཁྲོ་བཅུའི་རྗེས་གནང་དང་གཏོར་བཟློག་གི་ལྗགས་ལུང་བཅས་དང༌། གསང་འདུས་སྒྲུབ་མཆོད་དང་བསྟུན་དབང་ཆ་ཁ་ཤས་སྐལ་ལྡན་རྣམས་ལ་སྩལ་ཞིང་མཛོད་འཛིན་རྒྱལ་མཚན་རིན་ཆེན་དུས་ལས་ཡོལ་བར་བྱང་བུ་ལམ་སྟོན་གྱིས་མཚོན་རྗེས་འཛིན་གྱི་བགྱི་བ་རྣམས་ཡང་དག་པར་མཛད་ཅིང་མི་རིང་བར་མཛོད་འཛིན་པ་ཤེས་རབ་ཕུན་ཚོགས་ལས་ཁུར་དུ་བཀའ་ཡིས་མངགས་སོ། །དེ་དག་གི་དོན་བསྡུ་ན། ཟག་མེད་བདེ་ཆེན་མགོན་པོའི་རང་ཞལ་གཟིགས། །དམ་པ་ཕན་ཚུན་དོན་ཡོད་འཆད་ཉན་འགྲན། །ནང་གི་ཟུག་རྔུའི་རང་གཟུགས་ཕྱིར་དབྱུང་ནས། །དད་ལྡན་སློབ་བུའི་རེ་བའི་ཡོལ་གོ་རྫོགས། །དབང་ཕྱོགས་ཡུལ་དུ་ཨེ་རཎྜ་ཡི་གསོག །སྔོན་དུ་མཛད་ནས་ཐ་ཚིག་དོན་གྱི་འབྲས། །འདྲེན་བྱེད་བདུད་རྩིར་བྱིན་ཡང་མ་ཚིམས་པར། །སྣ་ཚོགས་སྒྱུ་མའི་འཁྲུལ་