R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༤༡
[A:༤༤༡]འཁོར་ཟོ་ཆུན་འཁྱུད། །ཐར་པའི་དཀྱིལ་འཁོར་གཙོ་བོའི་ཧེ་རུ་ཀས། །གདོན་བགེགས་འཇོམས་པའི་ལས་ཀྱི་གཤིན་རྗེ་གསུམ། །ཕོ་ཉའི་སྔ་རོལ་ཡེ་ཤེས་དབྱིངས་གཟིགས་ནས། །སླར་ཡང་མཛོད་འཛིན་བྱས་ཤེས་དྲིན་གཟོས་དྲངས། །ཞེས་ཀྱང་སྨྲས་སོ།། །། ༈ དགུང་གྲངས་ཉེར་གཅིག་ཏུ་ཕེབས་པས་སྦྲུལ་རྒྱལ་ཟླར་སྤང་ཤར་བླ་མར་རྡོ་རྗེ་ཕུར་པའི་དབང་དང་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང༌། དེའི་གནམ་གང་ནས་བཟུང་བདུན་ཕྲག་གསུམ་གྱི་བར་ལྷ་ཆེན་སྤྲུལ་པའི་གནྦྷོ་ལའི་སྟེང་གི་སྔགས་འཆང་བདུད་ཀྱི་སྟོབས་འཕྲོག་ངག་དབང་ཀུན་དགའ་རིན་ཆེན་གྱི་གཟིམ་སྤྱིལ་པོ་ཊ་ལ་སྨོན་གནས་ཡིད་འོང་ཚལ་དུ། གུར་གྱི་མགོན་པོའི་ཕྱི་འཁྲིད་བྲག་རྫོང་མ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྩལ་འདོན་བཅས་མཛད་པ་ནི། དབྱིག་གཉེན་གྱིས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་གསུངས་པ་བཞིན། ཐོས་པས་ཕྱིའི་སྒྲོ་འདོགས་བཅད། དེ་རྗེས་བསམ་བྱུང་གི་དཔྱད་པས་དག་པར་མཛད་དེ་ཇི་བཞིན་སྒོམ་པའི་ངང་ལ་ཐུགས་གཞོལ་ཞིང༌། ཚར་ཆེན་རིན་པོ་ཆེས། རྟེན་གྱི་དཀྱིལ་འཁོར་གསང་བའི་དམ་རྫས་དང༌། །རབ་ཟབ་བསད་དང་བསྐྱེད་པའི་འཁྲུལ་འཁོར་དང༌། །ཟབ་གསལ་ཏིང་འཛིན་མ་ནོར་གསང་བའི་སྔགས། །རྩེ་གཅིག་འབད་པས་བསྙེན་སྒྲུབ་མཐར་ཕྱིན་ཤོག །ཅེས་གསུངས་པའི་འབྲས་བུ་མངོན་གྱུར་གྱི་འགྲུབ་རྟགས་ཀྱང་གསལ་བར་འཁྲུངས་པ་ཞེས་ཐོས་ལགས། འཁྲིད་འདི་ཉིད་རྗེ་བླ་མ་གནས་གསར་པའི་དྲུང་དུ་གསན་སྐབས་མནལ་ལམ་འོད་གསལ་གྱི་ངང་དུ་བཀའ་རྩོམ་འདི་ལྟར་ཡང་མཛད་དོ། །ཁའུ་བྲག་རྫོང་ནག་པོའི་རི་ཁྲོད་དུ། །ཟབ་དོན་དུ་མའི་འབྱུང་གནས་ཆོས་ཀྱི་རྗེ། །སེ་ལོ་