R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༤༢
[A:༤༤༢]འཇམ་པའི་རྡོ་རྗེ་རྡོ་རིང་བར། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཞེས་གསུངས་པ་འདི་འདྲའི་རིགས་གཞན་ཡང་རྗེ་ཉིད་ལ་མང་དུ་འཁྲུངས་ཀྱང་གསང་འོས་འགའ་ཞིག་ནི་འོད་གསལ་དེ་ལས་བཞེངས་ནས་ཐུགས་དྲན་ཆེར་མི་གསལ་བའི་ཚུལ་མཛད་ལགས། རྟ་ཟླའི་ནང་ས་ངོར་བསྟན་པའི་སྦྱིན་བདག་ཆེན་པོ་མདོ་སྨད་ས་ཡི་ཐིག་ལེ་སྡེ་བཞི་དགེ་བཅུའི་དཔལ་མངོན་པར་འབར་བའི་རྒྱལ་ཁབ་ནས། ས་སྐྱོང་བློ་གྲོས་རྒྱལ་མཚན་སྐུ་འཁོར་རྣམས་གདན་ས་ཆེན་པོར་ཆིབས་བསྐྱོད་མཛད་ཐོག་རྗེ་རྡོ་རྗེ་འཆང་ཆེན་པོའི་དཔལ་གྱི་མགུར་ནས་ཟབ་རྒྱས་ཆོས་ཀྱི་བདུད་རྩི་གྲོལ་བར་མཛད་པ་ནི་འདི་ལྟར་མཐོང་སྟེ། ཐོག་མར་སྐུ་ཚེ་མི་འགྱུར་རྡོ་རྗེའི་རང་བཞིན་དུ་བྱ་བའི་ཕྱིར་རྗེ་བཙུན་ས་སྐྱ་པའི་ཡབ་ཆོས་ཛེ་ཏཱ་རིའི་ལུགས་ཀྱི་འཆི་མེད་དབང་པོའི་དཀྱིལ་འཁོར་དུ་དབང་བསྐུར་བ། ཡེ་ཤེས་ཀྱི་མཁའ་འགྲོ་མའི་ཞལ་བཅུད་དཔལ་ལྡན་བིརྺ་པའི་ཞབས་ཀྱིས་ལེགས་པར་བཀྲལ་བ་ཀྱེ་རྡོ་རྗེ་མན་ངག་ལུགས་ཀྱི་རྒྱུ་དབང་དང་ལམ་དབང༌། གྲུབ་པའི་སློབ་དཔོན་ཆེན་པོ་ནག་པོ་པའི་ལུགས་ཀྱི་རྣལ་འབྱོར་གསང་མཐའི་སྨིན་བྱེད་ཟབ་མོའི་དབང༌། ཕ་བླ་ན་མེད་པའི་དཀྱིལ་འཁོར་གྱི་གཙོ་བོ་དཔལ་གསང་བ་འདུས་པ་འཕགས་ལུགས་སུ་གྲགས་པ་མི་བསྐྱོད་རྡོ་རྗེའི་དབང༌། རྗེ་བཙུན་ས་སྐྱ་པའི་ཡབ་ཆོས་རྙིང་མ་འཁོན་རོག་ཤེས་རབ་ཚུལ་ཁྲིམས་ཀྱིས་རྐྱེན་འགའ་ཞིག་ལ་བརྟེན་རྙིང་མའི་ཆོས་སྐོར་རྣམས་གཡའ་ལུང་འཇགས་གཤོངས་ཀྱི་སའི་ཆར་གཏེར་དུ་སྦ་བར་མཛད་དུས་ཡང་ཕུར་གཉིས་ཆོས་སྐྱོང་བཀའ་གཉན་པའི་སྟབས་སྦ་བར་མཛད་མ་ཐུབ་པ་ནས་བཟུང༌། བསྙེན་ཅིང་སྒྲུབ་པར་མཛད་པའི་དཔལ་ཆེན་ཡང་དག་ཟླ་གམ་དགུ་པ་དང༌། ཕྲིན་ལས་ལྷུན་གྲུབ་ས་ཕུར་ལྷ་ལྔ་བཅུ་རྩ་གཅིག་གི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། གཞན་ཡང་རྡོ་རྗེ་