R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༥༠
[A:༤༥༠]སྐབས་དང༌། དེའི་ཚེ་དེའི་དུས་སུ་གདན་སའི་ལུགས་ཟུང་གི་མཛད་སྒོ་རྣམས་འཇམ་མགོན་མཐུ་སྟོབས་ཀྱི་མཚན་ཅན་མཆོག་ནས་གང་གི་བཀའ་ལུང་གི་ཁུར་བཟོད་པར་མཛད་ཅིང༌། དེ་ལོ་མེས་སྲོང་སྡེ་པ་ཀུན་ཕན་དམ་ཆོས་རྒྱལ་མཚན་ལ་གནང་རྒྱུའི་གུར་གྱི་བྲིས་ཐང་ཐུན་མོང་མ་ཡིན་པ་ཞལ་བཀོད་གནང་སྐབས་སྔར་གྱི་གུར་ལྷ་བརྒྱད་སྟེང༌། དམག་ཟོར་རྒྱལ་མོ་བེ་ཅོན་ཐོད་ཁྲག་ལྟེ་བའི་ཐད་ཀར་མགོ་སྤྲོད་དུ་བཟུང་བ་ཞིག་འཁྲུངས་པའི་ཁྲོད་ནས་དབུ་མཛད་དབང་ཕྱུག་ཆོས་འབྱོར་ཡིན་སྙམ་པ་ཞིག་གིས་བྱང་སེམས་དཀར་པོ་ཀ་པཱ་ལ་གང་རྗེ་ཉིད་ལ་ཕུལ་བ་དང༌། གཞན་ཡང་གཉན་མགོན་ཞལ་བཞི་པའི་སྐོར་ལ་གཟིགས་སྣང་ངོ་མཚར་ཅན་མང་དག་ཡོད་གསུང་བ་ལས་ཆོས་སྐྱོང་བཀའ་གཉན་པས་རེག་ཟིག་དང་བྲལ་ཞིང་དཔལ་མགུར་ལས་ཀྱང་མ་གྲོལ། འཆི་བདག་ལས་ཀྱི་གཤིན་རྗེ་ཕུར་ཁང་གི་སྒོ་ཚད་དང་མཉམ་པ་ཞིག་ཀྱང་བཀའ་ཉན་པའི་ཚུལ་གྱིས་གཟིགས་སོ། །དེ་དག་གི་དོན་བསྡུ་ན། གཞིས་བྱེས་ཞིང་སར་ཆོས་ཆར་རྗེས་ཐོབ་ཏུ། །དབང་ཕྱོགས་ས་འཛིན་ཕྲག་ནས་ཉེ་ཞོ་ཡི། །ཆུ་འཛིན་དབྱིངས་དག་མཚམས་སྤྲིན་བླ་གོས་ཅན། །ཕན་བདེའི་ཚ་ཟེར་གཡོ་བའི་སྣང་བྱེད་འཁྲུངས། །དེ་ཚེ་དན་སྟོད་གཟིམ་སྤྱིལ་དགའ་ཚལ་དུ། །ཕྱོགས་ལས་རྣམ་རྒྱལ་རུ་མཚོན་འདབ་བརྒྱའི་ཕོན། །རྟེན་འབྲེལ་བྱིན་རླབས་དྲི་བསུང་འཐུལ་བཞིན་པར། །བསྟན་སྲུང་དགྱེས་པའི་མཆོད་རྫས་ཉིད་དུ་གྲུབ། །མངོན་གྱུར་སར་ཆགས་བི་རཱུའི་གདམས་ངག་གནང༌། །སྟན་གཅིག་ལྷ་སྔགས་རོལ་པའི་བདེ་སྟོང་དང༌། །མཉམ་དུ་ཆས་པའི་བཀའ་ཉན་སྲུང་མ་རྣམས། །ཅི་གསུང་སྒྲུབ་པར་ཞལ་བཞེས་བླ་མ་རྗེ། །ཞེས་ཀྱང་སྨྲས་སོ།། །། ༈ དགུང་གྲངས་ཉེར་གསུམ་པ་ལྕགས་ལུག་སྣྲོན་ཟླའི་ནང་ཀྱེ་རྡོ་རྗེའི་ལྗགས་བསྙེན་གྲོལ་