R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༥༡
[A:༤༥༡]ལ་ཁད་རིགས་བདག་ཐར་རྩེ་བ་ཉིད་ཕེབས་པས། རྗེ་རྡོ་རྗེ་འཆང་ཐུགས་དགེས་པའི་གསུང་ལས། བླ་མ་དང་ཡི་དམ་དབྱེར་མེད་དུ་འགྲུབ་པ་འདི་རྟེན་འབྲེལ་ཤིན་ཏུ་ལེགས་གསུངས་ཤིང་ལས་བཞིའི་སྦྱིན་སྲེག་སོགས་གྲུབ་ནས་ཞལ་རྒྱས། ཆུ་སྟོད་ཟླ་ནང་འཇམ་མགོན་གཅུང་དམ་པར་གསང་འདུས་མི་བསྐྱོད་པ་དང༌། རིགས་བདག་ཐར་རྩེ་བར་ལྕགས་སྡོང་མའི་ཚེ་དབང་རྒྱས་པ། དཀར་བདུད་ཕུར་སྲུང་དང་སྒར་ཆེན་སྐུ་འབྲིང་རྣམས་ཀྱི་སྐུ་བསྟོད། ཐུགས་རྗེ་ཆེན་པོའི་མིག་འབྱེད་གསར་རྙིང་བཅས་ཀྱི་ལྗགས་ལུང༌། ཁྲུམས་ཟླའི་གསང་འདུས་སྒྲུབ་མཆོད་དང་བསྟུན་དེའི་སྨིན་བྱེད་ཀྱི་དབང་རྣམས་སྩལ་ཞིང༌། ཆོས་ལྟུན་མཁན་པོ་བཀྲ་ཤིས་ཡར་འཕེལ་ལ་ཕྱག་བཞི། ཕྱག་དྲུག །ཁྲོ་བཅུ་རྣམས་ཀྱི་རྗེས་གནང་ལུང་བཅས་དང༌། དབྱུག་ཟླའི་ཚེས་གཉིས་ནས་ལམ་གཏོར་དང་དྲུག་ལ་གདན་ས་འོག་རྩེ་གདོང་གི་ཕྱོགས་ལ་ཆིབས་བསྐྱོད་དེ་བཅུ་གཅིག་ལ་རྩེ་གདོང་དུ་ཕེབས་ནས་ཞག་གཉིས་ལྕང་ཅན་མགོན་ཁང་དུ་ཕྲིན་འཆོལ་ཟབ་རྒྱས་ཀྱིས་བཅུ་བཞིས་མཆོད་ཐོག་གདན་ས་དེ་ཉིད་དུ་ཕུར་པ་སྒྲུབ་མཆོད་གསར་འཛུགས་མཛད་གོང་གཟའ་སྐར་སོགས་གཟིགས་ཡུལ་དུ་མ་གྱུར་ཀྱང་འགྲུབ་སྦྱོར་རང་འགྲིག་དང་གྲོལ་ཉིན་ཉེར་བདུན་ལའང་འགྲུབ་སྦྱོར་རང་འགྲིག་བཅས་རྗེ་རྡོ་རྗེ་འཆང་ཉིད་ཀྱི་ཐུགས་བསྐྱེད་དང༌། ཡུལ་ཕྱོགས་དེའི་བདེ་སྐྱིད་བླ་ནར་འཕེལ་བའི་བསླུ་མེད་རྟེན་འབྲེལ་གྱི་འཇུག་སྒོ་བཟང་པོར་གྲུབ་ཅིང༌། དེའི་ཚེ་རྗེ་ཉིད་ནས་རྡོ་རྗེ་སློབ་དཔོན་གྱི་ཁུར་བཞེས་ཐོག་གྲྭ་སུམ་ཅུ་སྐོར་གྱིས་སྦྱོར་དངོས་རྗེས་གཙང་ཐེག་པ་ཁུར་བླངས་སུ་མཛད་པའི་རྒྱུན་ད་ལྟའང་ཀུན་གྱི་སྤྱོད་ཡུལ་དུ་གྱུར་པ་འདི་བཞིན་དང༌། འཆམས་ཆས་སོགས་མཁོ་དགུའི་ཡོ་བྱད། མཆོད་པ་བསྙེན་བཀུར། འཛུགས་སྟོན་སོགས་གྱ་ནོམ་