R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༥༦
[A:༤༥༦]པ། དྲུག་ཅུ་པ་དྲག་བསྐུལ་ཡོངས་རྫོགས་བཅས་ཀྱི་ལྗགས་ལུང༌། རྒྱ་ཁག་བླ་མར་སྒྲུབ་ཐབས་བརྒྱ་རྩ་དང་སེང་གདོང་སྔོན་མོའི་རྗེས་གནང་ལུང་བཅས་ཤར་རི་མངའ་བདག་ལ་འཇམ་དབྱངས་དམར་སེར། ཚེ་རྟ་སྦགས་སྒྲུབ། ལྕགས་སྡོང་ལྷ་མང་རྣམས་དང་ཆུ་མོ་སྤྲུལ་སྐུར་ཡང་ཨ་ར་པ་ཙ་ན་ལྷ་ལྔ་དང༌། འཇིགས་བྱེད་རོ་ལངས་བརྒྱད་བསྐོར་གྱི་དབང༌། བྱ་གཤོངས་མཁན་པོར་གྲུབ་རྒྱལ་མ། ལམ་དབང་སོགས་ཏེ་མདོར་ན་བསྟན་པའི་བྱ་བ་ཐོས་བསམ་སྒོམ་གསུམ་དང༌། མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་གྱིས་རྣམ་པ་ཐམས་ཅད་དུ་དུས་འདའ་བར་མཛད་པས་དགུང་གྲངས་བཅུ་གཉིས་ནས་ཉེར་གསུམ་འདིའི་བར་དུའང་ཀྱེ་རྡོར་རྒྱུ་དབང་ཚར་ལྔ་བཅུ་ང་བགྲངས། ལམ་དབང་ཉི་ཤུ་ལྷག་ཙམ། བདེ་མཆོག་ནག་པོ་པའི་དབང་བཅུ་ལྷག །གསང་འདུས་མི་བསྐྱོད་པ་བདུན་ཙམ། བདག་མེད་མ་དྲུག །ཕུར་པའི་སྟོད་ལས་བཅུ། སྨད་ལས་བཞི། མཁའ་སྤྱོད་མའི་བྱིན་རླབས་ཉི་ཤུར་ཉེ་བ། ཀུན་རིག་དང་ཚེ་དཔག་མེད་ལྔ་དྲུག་སོགས་དང༌། རྗེས་གནང་ལྗགས་ལུང་རྣམས་ནི་བགྲང་བ་ལས་འདས་པ་ཞིག་བཀའ་དྲིན་ཆེབ་གོང་ལོ་ཁམས་སོ་སོར་འཁོད་པ་ལྟར་དང༌། གཞན་ཡང་རྗེ་རྡོ་རྗེ་འཆང་ཉིད་ཀྱི་ཐུགས་ཉམས་སུ་ཉིན་ཞག་ཕྲུགས་རེར་སྒོམ་སྒྲུབ་ཆག་མེད་ཀྱང་ཉེར་བདུན་ཙམ་རེ་བཞེས་པར་མཛད་པ་སྟེ། དེ་དག་ཀྱང་རྗེ་ཉིད་ཀྱི་གསུང་ལས། སྣང་སྲིད་སྒྱུ་མར་ཤེས་པའི་ཀུན་བློ་ཡིས། །ཞེས་གསུང་པ་བཞིན་སྣང་སྲིད་སྒྱུ་མར་རྟོགས་ཏེ་སྤང་གཉེན་རོ་གཅིག་ཁྱབ་བདག་སྐུ་བཞི་ཡེ་ཤེས་ལྔ་ལྡན་གྱི་གོ་འཕང་བརྙེས་སུ་ཟིན་ཀྱང༌། གདུལ་བྱ་རྣམས་ལ་དོན་འདི་དག་འདོམས་པར་མཛད་པ་སྟེ། ཅིའི་ཕྱིར་ཞེ་ན། བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོས།