R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༡༦
[A:༣༡༦]སྙམ་ནས་གཟིགས་པས། རིགས་དྲུག་གི་གནས་ནས་སེམས་ཅན་ཆང་གར་མའི་སྦང་མ་ལྟ་བུར་ཉུང་ངུ་མ་སོང་བར་འདུག་པས། ད་ནི་སེམས་ཅན་འཁོར་བའི་རྒྱ་མཚོ་ལས་སྒྲོལ་བར་མི་ནུས་སོ་སྙམ་ནས་སྤྱན་ཆབ་ཤོར་བ། ཕྱག་གི་སྲིན་ལག་གཉིས་ཀྱིས་བླངས་ཏེ་གཏོར་ནས། མ་འོངས་པའི་དུས་སུ་སྤྱན་ཆབ་གཉིས་ཀྱིས་ཀྱང་འགྲོ་བའི་དོན་བྱེད་པར་ཤོག་ཅིག །ཅེས་སྨོན་ལམ་བཏབ་པས། སུམ་ཅུ་རྩ་གསུམ་ལྷའི་ཡུལ་དུ། ལྷའི་དབང་པོ་བརྒྱ་བྱིན་གྱི་སྲས་མོ་གཉིས་སུ་འཁྲུངས་ཏེ། ལྷའི་བུ་མོ་གང་མ་དང༌། གང་ཆུང་མ་ཞེས་བྱ་བ་གཉིས་སུ་གྱུར་པའི། གང་ཆུང་མས་ལྷའི་མེ་ཏོག་བརྐུས་པས་ལྷའི་ཁྲིམས་རྣམ་པར་དག་པ་ཉམས་ནས། མིའི་གནས་སུ་ལྷུངས་པས། དེ་བཞིན་གཤེགས་པ་འོད་སྲུངས་ཀྱི་བསྟན་པ་ལ། བལ་པོ་མ་གུ་ཏའི་ཡུལ་གྲུར། ཕ་བྱ་རྫི་གསལ་བ་དང༌། མ་བྱ་རྫི་མ་བུ་རྣ་ཞེས་བྱ་བའི་བུ་མོ། །བྱ་རྫི་མ་བདེ་མཆོག་མ་ཞེས་བྱ་བར་སྐྱེས་ཏེ་བྱ་འཚོ་བའི་ལས་བྱེད་དོ། །དེའི་ཚེ་རྟ་རྫི། ཕག་རྫི། ཁྱི་རྫི། བྱ་རྫི་སྟེ་རིགས་ངན་བཞི་དང་བཤོས་པས། བུ་བཞི་སྐྱེས་སོ། །དེ་ནས་མས་བྱ་འཚོས་པའི་གླ་བསགས་ནས། བུ་བཞི་ཡང་ཁྱིམ་པ་རབ་ཐང་དུ་ཕོག །སླར་ཡང་གླའི་ལྷག་བསགས་ནས། བསམ་བློར་ནོར་མང་པོ་རྙེད་པ་འདི་ཀུན་ལ་སྙིང་པོ་ལེན་པའི་ཕྱིར། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་རྟེན། ང་རང་གི་ཡི་དམ། འགྲོ་བ་དཔག་ཏུ་མེད་པས་བསོད་ནམས་གསོག་པའི་ཞིང༌། དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་ཆེན་པོ་ཞིག་བཞེང་པར་བྱའོ་སྙམ་ནས། རྒྱལ་པོ་ལ་ས་བསླངས་ཏེ། ཀྱེ། རྒྱལ་པོ་ཆེན་པོ་ལགས། བདག་དབུལ་མོ་བྱ་རྫི་མོ་མི་གཅིག་གིས་བྱ་འཚོས་པའི་གླ་བསགས་ཚུལ་སོགས་གོང་བཞིན་བསྙད་དེ། ས་གཞི་གནང་བར་ཞུ་འཚལ། དེ་སྐད་ཅེས་ཞུས་པ་དང༌། རྒྱལ་པོ་ཆེན་པོ་རྣམས་མ་བརྟགས་པར་བཀའ་མི་སྩལ་བས། རེ་ཞིག་ཐུགས་མཉམ་པར་བཞག་ནས་