R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༡༧
[A:༣༡༧]གཟིགས་པས། མོ་དབུལ་མོ་བྱ་རྫི་མ་མི་གཅིག་གི་བྱ་འཚོས་པའི་གླ་སོགས་གོང་གི་རྒྱུ་མཚན་ལ་བརྟགས་པས། ངོ་མཚར་ཏེ། དེ་ལྟར་བྱ་རུ་རུང་ཞེས་བཀའ་སྩལ་གནང་བས། བྱ་རྫི་མ་དགའ་མགུ་ཡི་རངས་ཏེ། སླར་ཡང་རྒྱལ་པོ་ལ་བསྐོར་བ་མང་དུ་བྱས་ནས་རང་གི་ཁྱིམ་དུ་ལོག་སྟེ་རིམ་པས། མོ་རང་མ་བུ་ལྔ་དང༌། བྲན་གཅིག་རྣམས་ཀྱིས། གླང་པོ་ཆེ་གཅིག་དང་བོང་བུ་གཅིག་ཡོད་པ་ལས་བཀལ་ཞིང་བསྐྱས་ཏེ། མཆོད་རྟེན་ཆེན་པོ་ཁྲི་འཕངས་གསུམ་དུ་བརྩིགས་ཚར་བའི་ཚེ། བལ་ཡུལ་གྱི་མི་ཐམས་ཅད་ཁ་འཆམས་ཏེ། མོ་དབུལ་མོ་བྱ་རྫི་མ་མི་གཅིག་གིས་འདི་ཙམ་གྱི་མཆོད་རྟེན་བཞེངས་ན། རྒྱལ་བློན་ཕྱུག་པོ་སོགས་མི་དྲག་པ་ཀུན་གྱིས་ཇི་ལྟ་བུའི་མཆོད་རྟེན་བཞེངས། འདི་ཀུན་ལ་བརྙས་ཤིང་གནོད་པར་འགྱུར་པས་རྒྱལ་པོར་ཞུས་ཏེ། རྩིག་ཏུ་མ་བཅུག་པ་འཐད་ཟེར་ནས་རྒྱལ་པོར་ཞུས་པས་བཀའ་སྩལ་པ་ཁྱེད་རྣམས་ཐམས་ཅད་ལེགས་པར་ཉོན་ཅིག །མོ་དབུལ་མོ་བྱ་རྫི་མས་འདི་ལྟ་བུས་མཆོད་རྟེན་བཞེངས་པ་ངོ་མཚར་རེ་ཆེ་བསམས་ནས་ངས་ནི་བྱ་རུ་རུང་ཟེར་བ་ཁ་ནས་ཤོར་རོ། །ང་རྒྱལ་པོ་སྨྲ་བ་ལན་ཅིག་ཡིན་ནོ་གསུངས། གཞན་མི་རྣམས་ཀྱིས་བཀག་ཀྱང་མི་ཁེགས་པར་བརྩིགས་པས་ལོ་བཞི་ལ་བུམ་པ་མན་བརྩིགས་ཟིན་པས། དེའི་དུས་སུ་བྱ་རྫི་མ་དེ་ཉིད་ཚེའི་དུས་བྱེད་པར་ཤེས་ཏེ། བུ་བཞི་གཡོག་དང་ལྔར་སྨྲས་པ། ཁྱེད་རྣམས་ཀྱིས་ངའི་ཡི་དམ། འགྲོ་བ་དཔག་ཏུ་མེད་པས་བསོད་ནམས་གསོག་པའི་ཞིང་འདི་ཉིད་ཞབས་སུ་ཆུག་ལ། འདིའི་ནང་དུ་དེ་བཞིན་གཤེགས་པའི་རིང་བསྲེལ་བཞུགས་སུ་གསོལ་ཏེ། རབ་ཏུ་གནས་པ་རྒྱ་ཆེན་པོ་གྱིས་ཤིག །དེས་ནི་ངའི་བསམ་པ་དང༌། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་རྫོགས་ཤིང༌། །ཁྱེད་རྣམས་ཀྱིས་ཀྱང་འདི་ཕྱིའི་དོན་འགྲུབ་པར་འགྱུར་རོ། །ཞེས་སྨྲས་ཏེ་ཚེའི་དུས་བྱས་སོ།