R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༧༤
[A:༤༧༤]བྱིན་པས་ནི་ཟག་པ་ཟད་པའི་མངོན་པར་ཤེས་པ་རྣམ་པ་དག་པར་འགྱུར་རོ། །ཞེས་དང༌། རིན་ཆེན་ཕྲེང་བར། ཆོས་ཀྱི་ཆེད་དང་དེ་བཞིན་དུ། །གཞུང་གི་དོན་དག་དྲན་པ་དང༌། །ཆོས་ཀྱི་སྦྱིན་པ་དྲི་མེད་པས། །ཚེ་རབས་དྲན་པ་ཐོབ་པར་འགྱུར། །ཞེས་སོགས་མང་དུ་གསུངས་པའི་དོན་ཡང་ཐུགས་ལ་འདོགས་པར་མཛད་དོ། །དེ་ནས་མགོན་ཁང་ཁག་བཞིར་ཕྲིན་འཆོལ་སོགས་སྔོན་འགྲོའི་དབྱུག་ཟླའི་ཉེར་ལྔའི་ཉིན་རྗེ་རྡོ་རྗེ་འཆང་སྐུ་མཆེད་རིན་པོ་ཆེ་ཞལ་རྣམ་པ་གཉིས་སྐུ་འཁོར་བ་རྣམས་དང་བཅས་གཙང་དབུས་སུ་ཆིབས་ཀྱི་ཁ་ལོ་བསྐྱོད་པར་མཛད་པ་དེ་ནི་རྗེ་ཉིད་ཀྱིས་དབུས་ཕྱོགས་སུ་ཕེབས་ཐང་གཉིས་པ་སྟེ་མཎྜལ་དུ་གསོལ་ཚིགས་དགོན་རྒྱས་སུ་བཞུགས་ཞག་དེ་ནས་རིམ་བཞིན་ལྕང་གཤོངས་དང་རྒྱ་མདུད། སྲེད་རྒོད་དང་ལྕགས་རི། སྣར་ཐང་དང་གཞིས་རྩེར་ཞག་གསུམ། ནམ་ཚང་དང་གསེར་ཅན་ཏེ་དེར་གང་བློ་མའི་རིག་གཏད་ཞིག་སྩོལ་བར་མཛད། དེ་ནས་གླིང་ཕུ་བའི་གཞིས་དང་རྩེ་གདོང་དུ་ཞག་བཅུ་གཅིག །དེར་ཚེ་དཔག་ལྷ་དགུ། ཀུན་རིག །ལམ་དབང༌། ཁྲོམ་དབང༌། པུ་ཏྲའི་ཟུར་བཀའ། བྲན་བདུད་རྣམས་བཀའ་དྲིན་ཆེ་ནས་སྣུམ་རི་དང་རྒྱ་མ་ཁ། ཉ་མོ་དང་སེ་ཤིང་ཁ། ཁུ་ལུང་དང་རིན་སྤུངས་སུ་ཁྲོམ་དབང༌། བྱམས་ཆེན་དུ་འབྱུང་འདུལ་གྱི་རྗེས་གནང་དང་ངུར་སྨྲིག །ཆུ་ཚད་ཁ་དང་རམ་པ། ལུང་བཟང་དང་དཔལ་དེའུ། ཕན་ལ་རྩ་དང་ཤགས་སྨད། ཆུ་ཤུར་དང་གསལ་བྱེད་རྡོར་གླིང༌། གནམ་དང་སྙེ་ཐང་བཀྲ་ཤིས་སྒང༌། སྟོད་ལུང་མདའ་དང་ལྷ་སར་ཟླ་གཅིག་ཞག་བདུན་བཞུགས་ཤིང་དེའི་ཚེ་གོང་ས་རིན་པོ་ཆེ་ཅུང་ཟད་སྐུ་ལྟེམ་ཚུལ་བཞེས་སྐབས་ཡིན་གཤིས་མཇལ་ཕྱག་སོགས་ཇི་འདྲ་ཡོང་ངམ་གསུང་མུ་དང༌། རོང་སྣེར་ཕེབས་དུས་རྒྱལ་རྩེར་འབྲུམ་དོགས་སོགས་གང་སར་ཡིད་གཉིས་ཀྱི་ཁྱོགས་ལ་འཆང་བཞིན་པར་ཕེབས་ཀྱང་རྒྱལ་བ་ཡབ་སྲས་བཀའི་དགུང་བློན་རྣམས་སོགས་ཆེ་བཙན་ཚང་མས་གཟིགས་བསྐྱངས་ཕུན་སུམ་ཚོགས་པ་དང༌། སྤྱིར་སྒེར་ལྷ་སྡེ་མི་སྡེ་དྲག་གཞན་མཐའ་དག་ནས་ཞབས་ཀྱི་པདྨོར་