R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༡༨
[A:༣༡༨] དེ་ནས་བུ་རྣམས་གྲོས་བྱས་ཏེ་གླང་པོ་དང་བོང་བུར་ས་བཀལ། གཡོག་ལ་གྲོགས་བཅོལ་ནས་ཀུན་དྲིལ་ལོ་བདུན་ལ་ཞབས་སུ་ཆུག་སྟེ། དེ་བཞིན་གཤེགས་པ་འོད་སྲུང་ཀྱི་རིང་བསྲེལ་མ་ག་དྷའི་བྲེ་གང་སྲོག་ཤིང་གི་ནང་དུ་བཞུགས་སུ་གསོལ་ནས། མཆོད་ཚོགས་དཔག་ཏུ་མེད་པ་དང་བཅས་ཏེ་རབ་ཏུ་གནས་པའི་མེ་ཏོག་འཐོར་བའི་ཚེ། མདུན་གྱི་ནམ་མཁར་དེ་བཞིན་གཤེགས་པ་འོད་སྲུངས་འཁོར་དང་བཅས་པ་ཐམས་ཅད་དང༌། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དགྲ་བཅོམ་པའི་འཁོར་ཚོགས་དང་བཅས་པ་རྣམས་ཀྱིས་མགྲིན་གཅིག་ཏུ། ཁྱེད་རྣམས་ཀྱི་ལྷག་པའི་བསམས་པ་རྣམ་པར་དག་པས་མཆོད་རྟེན་ཆེན་པོ་འདི་བཞེངས་པའི་ཕན་ཡོན་གྱིས་རང་རང་གིས་སྨོན་ལམ་ཅི་བཏབ་པ་ཐམས་ཅད་འགྲུབ་པར་འགྱུར་བས་ཐོབ་ཅིག་བཀའ་སྩལ་བས། ཆེ་བ་རྟ་རྫིས། བདག་གི་ལྷག་བསམ་རྣམ་པར་དག་པས་མའི་མཆོད་རྟེན་ལ་བུམ་པ་བཏགས་པའི་ཕན་ཡོན་གྱིས། བདག་མ་འོངས་སྙིགས་མ་ལྔ་བདོའི་དུས་སུ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་བསྟན་པ་ལ། འཁྱགས་པ་འཁྱགས་ཡུལ་གྱི་མཐའ་འཁོབ་ཏུ་ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོ་ཞིག་ཏུ་སྐྱེས་ནས། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཛུག་པར་ཤོག་ཅིག །ཅེས་བརྗོད། དེ་འོག་ཕག་རྫིས། མའི་མཆོད་རྟེན་ལ་བུམ་པ་བཏགས་པའི་ཕན་ཡོན་གྱིས་ཕུ་བོ་ཆོས་རྒྱལ་དུ་སྐྱེས་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཛུགས་པའི་དུས་སུ། འཁྱགས་པ་འཁྱགས་ཡུལ་གྱི་མཐའ་འཁོབ་དེར། བསྟན་པའི་གཞི་མ་དགེ་འདུན་གྱི་སྡེ་འཛུག་དགོས་པས། བདག་ནི་དགེ་སློང་རྣམ་པར་དག་པ་ཞིག་ཏུ་སྐྱེས་ནས། དགེ་འདུན་ཐམས་ཅད་རབ་ཏུ་བྱུང་བར་བྱེད་པའི་མཁན་པོ་ཆེན་པོ་ཞིག་ཏུ་སྐྱེ་བར་ཤོག །ཅེས་བརྗོད། དེ་འོག་ཁྱི་རྫིས། མའི་མཆོད་རྟེན་ལ་བུམ་བ་བཏགས་པའི་ཕན་ཡོན་གྱིས། ཕུ་བོ་ཁྱེད་གཉིས་འཁྱགས་པ་འཁྱགས་ཡུལ་གྱི་མཐའ་འཁོབ་ཏུ། གཅིག་གིས་སངས་རྒྱས་ཀྱི་བསྟན་པ་འཛུགས། །གཅིག་གིས་བསྟན་པ་འཛིན་པའི་དུས་