R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༡༩
[A:༣༡༩]སུ། བདག་ནི་མངལ་ལས་མ་སྐྱེས་པ། མེ་ཏོག་པདྨའི་སྡོང་པོ་ལས་རྫུས་ཏེ་སྐྱེས་པ། སྐྱེ་ཤི་རྒྱུན་བཅད་དེ་ཚེ་ཉི་ཟླ་དང་མཉམ་པ། ནུས་པས་ལྷ་འདྲེ་མི་གསུམ་འདུལ་བ་ཞིག་ཏུ་སྐྱེས་ནས། མཐའ་འཁོབ་དེ་ཉིད་ཀྱི་འདྲེ་སྲིན་གདུག་པ་ཅན་ཐམས་ཅད་འདུལ་བ་དང༌། ཁྱེད་གཉིས་ཀྱི་བསམ་པ་བསྒྲུབ་ཅིང༌། སངས་རྒྱས་ཀྱི་བསྟན་པ་མཐའ་དག་བསྲུང་བའི་སྔགས་འཆང་ནུས་པ་ཅན་ཞིག་ཏུ་སྐྱེ་བར་ཤོག །ཅེས་བརྗོད། དེ་འོག་བྱ་རྫིས། མའི་མཆོད་རྟེན་ལ་བུམ་པ་བཏགས་པའི་ཕན་ཡོན་གྱིས། ཕུ་བོ་ཁྱོད་གསུམ་འཁྱགས་པ་འཁྱགས་ཡུལ་གྱི་མཐའ་འཁོབ་ཏུ། གཅིག་གིས་བསྟན་པ་འཛུགས། གཅིག་གིས་འཛིན། གཅིག་གིས་བསྲུང་བའི་དུས་སུ། ཁྱེད་རྣམས་འཁྲུངས་ཡུལ་གཅིག་ཏུ་འོང་བའི་ངེས་པ་མེད་པས། བདག་ནི་ཁྱེད་རྣམས་མཇལ་འཕྲད་བྱེད་པའི་བཀའི་ཕྲིན་བློན་ཞིག་ཏུ་སྐྱེ་བར་ཤོག །ཅེས་སྨོན་ལམ་བཏབ་བོ། །བོང་བུ་དེའི་བསམ་པ་ལ་ང་ལ་ཡང་སྨོན་ལམ་ཞིག་འདེབས་ཏེ་འོང་བསམས་པ་ལ། སྨོན་ལམ་ཅི་ཡང་འདེབས་པ་མ་བྱུང་བས། ཁོ་ཁྲོས་ནས། འཁྱགས་པ་འཁྱགས་ཡུལ་གྱི་མཐའ་འཁོབ་ཏུ། ཁོ་ཆོས་སྐྱོང་བའི་རྒྱལ་པོར་སྐྱེས་ནས་སངས་རྒྱས་ཀྱི་བསྟན་པ་འཛུགས་པའི་དུས་སུ། དེའི་ཚེ་ང་ཆོས་ལ་མི་དགའ་བའི་བཀའི་བློན་པོ་ཞིག་ཏུ་སྐྱེས་ནས། རྒྱལ་པོ་ཁོ་ལ་ཅི་ཡང་བྱ་དབང་མེད་པ་ཞིག་ཏུ་སྐྱེ་བར་ཤོག་ཅིག་བྱས་སོ། །དེ་སྐད་བརྗོད་པ་གཡོག་པོས་ཐོས་པས། ཁོ་དེ་ལྟ་བུའི་བདུད་བློན་དུ་སྐྱེས་ནས། ཆོས་ལ་བར་ཆད་བྱེད་པའི་དུས་སུ། དེ་ཉིད་ཀྱི་གཡོ་ཐབས་དང་ནུས་པ་ཐམས་ཅད་བཟློག་ཅིང་འཇོམས་པར་བྱེད་པའི་ཆོས་བློན་ཐབས་ལ་མཁས་བ་ཞིག་ཏུ་བདག་སྐྱེ་བར་ཤོག་ཅིག །ཅེས་སྨོན་ལམ་བཏབ་པོ། །ཡང་གླང་པོ་ཆེ་དེའི་བསམ་པ་ལ་ཡང་ང་ལ་ཡང་སྨོན་ལམ་ཞིག་འདེབས་ཏེ་འོང་བསམས་པ་ལ། སྨོན་ལམ་ཅི་ཡང་འདེབས་པ་མ་བྱུང་བས། ཁོ་ཁྲོས་ནས།