R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༢༠
[A:༣༢༠] ས་རྡོ་འདི་ཙམ་བསྐྱས་པས་སྨོན་ལམ་ཅི་ཡང་མི་འདེབས་ན། ཁོང་རྣམས་ཀྱིས་བཙུགས་པའི་བསྟན་པ་དེ། རྒྱལ་པོ་དེའི་བུ་ཚའམ་ཚ་བོར་སྐྱེས་ཏེ་ངས་བསྣུབས་པར་ཤོག་ཅིག །ཅེས་བྱས་སོ། །དེ་སྐད་བརྗོད་པ་བྱ་རོ་གཅིག་གིས་ཚོར་བས། ལྷག་པའི་བསམ་པ་སྐྱེས་ཏེ། ཁོ་དེ་ལྟ་བུའི་རྒྱལ་པོར་སྐྱེས་ནས། སངས་རྒྱས་ཀྱི་བསྟན་པ་བསྣུབས་པའི་དུས་སུ། བདག་བྱང་ཆུབ་སེམས་དཔའ་ཆེན་པོ་ཞིག་ཏུ་སྐྱེས་ནས་བདུད་ཀྱི་རྒྱལ་པོ་དེ་ཉིད་གསོད་པར་ཤོག་ཅིག །ཅེས་སྨོན་ལམ་བཏབ་པོ། །དེའི་ཚེ་དེའི་དུས་ཀྱི་རྟ་རྫིའི་བུ་ནི། ད་ལྟའི་ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་བདག་ལགས་སོ། །ཕག་རྫིའི་བུ་ནི། ད་ལྟའི་མཁན་པོ་བོ་དྷི་སཏྭ་འདི་ཡིན་ནོ། །ཁྱི་རྫིའི་བུ་ནི། ད་ལྟའི་ཨཽཌྱན་གྱི་པདྨ་འབྱུང་གནས་བདག་ལགས་སོ། །བྱ་རྫིའི་བུ་ནི། ད་ལྟའི་ཡར་ཀླུངས་ཀྱི་སྦ་མི་ཁྲི་གཞིར་འདི་ཡིན་ནོ། །བོང་བུ་ནི། ད་ལྟའི་བདུད་བློན་མ་ཞང་ཁྲོམ་པ་སྐྱེས་ཞེས་བྱ་བ་འདི་ཡིན་ནོ། །གཡོག་ནི། ད་ལྟའི་ཆོས་བློན་འགོས་པདྨ་གུང་བཙན་འདི་ཡིན་ནོ། །གླང་པོ་ཆེ་ནི། རྒྱལ་པོ་ཁྱོད་ནས་གདུང་རབས་གསུམ་གྱི་དུས་སུ། བདུད་ཀྱི་རྒྱལ་པོ་གླང་གི་མིང་ཅན་ཞིག་འབྱུང་སྟེ། དེས་ནི་སངས་རྒྱས་ཀྱི་བསྟན་པ་བསྣུབས་པར་བྱེད་དོ། །དེའི་ཚེ་དེའི་དུས་ན་བྱ་རོག་ནི། ད་ལྟའི་ལྷ་སྲས་མུ་རུག་བཙད་པོ་འདི་ཡིན་ཏེ། མ་འོངས་པའི་དུས་སུ། བདུད་རྒྱལ་གླང་གི་མིང་ཅན་བྱུང་ནས་སངས་རྒྱས་ཀྱི་བསྟན་པ་བསྣུབས་པའི་ཚེ། བྱང་ཆུབ་སེམས་དཔའ་ལྷ་ལུང་དཔལ་གྱི་རྡོ་རྗེ་ཞེས་བྱ་བར་སྐྱེས་ནས། བདུད་ཀྱི་རྒྱལ་པོ་དེ་ཉིད་གསོད་པར་འགྱུར་རོ། །ཞེས་དང༌། གཞན་ཡང་ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོ་ཞེས་འཕགས་པ་ལོ་ཀི་ཤྭ་ར་དང་ཞལ་མི་གཉིས་པ་དེ་ཉིད་ཀྱིས། འཕྲུལ་སྣང་གི་གཙང་ཁང་བྱང་མར་འཕགས་པ་སྤྱན་རས་གཟིགས་ཀྱི་དྲུང་དུ། སྐུའི་བཀོད་པ་བསྡུ་ལ་ཁད་ཀྱི་བཀའ་ཆེམས་སུ། རྒྱལ་པོས་དབོན་