R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༠༠
[A:༥༠༠]བརྗོད་ཀྱི་མེ་ཏོག་འཐོར་ཞིང་འདུད་པའི་ཡུལ་དུ་གྱུར་པ་མཚན་མཆོག་གསུམ་ལྡན་གྱི་གདུང་རབས་རིན་པོ་ཆེ་འཇིག་རྟེན་ན་ཕན་བདེའི་བཙས་སུ་ཆེ་བ་འདི་ཉིད་སྤེལ་བའི་ཕྱིར་སྡོམ་བརྩོན་ངུར་སྨྲིག་གི་བརྟུལ་ཞུགས་ལས་སླར་ལྡོག་སྟེ་སྔགས་འཆང་གོས་དཀར་ལྕང་ལོས་མཛེས་པའི་སྐུར་བཞེངས་སུ་གསོལ་བར། ལྕང་སྐྱ་རྡོ་རྗེ་འཆང༌། གནས་གསར་རྡོ་རྗེ་འཆང༌། འཇམ་མགོན་དཔལ་ལྡན་ཆོས་སྐྱོང༌། གཞུང་ཞབས་རིན་པོ་ཆེ་དགུང་བློན་ཆེན་པོ་རྣམས་དང་བཅས་སྡེ་དགེ་ས་སྐྱོང༌། ཞུ་ཆེན་རིན་པོ་ཆེ་རྣམས་ཀྱིས་ཐོག་དྲངས་མདོར་ན་རྗེ་བཙུན་ས་སྐྱའི་བསྟན་པ་རིན་པོ་ཆེ་ཐུགས་ལ་བཅངས་སོ་ཅོག་ནས་གདུང་བརྒྱུད་རིན་པོ་ཆེའི་སྐུ་ཆེ་བའི་ལོ་རྒྱུས་ཞིབ་གླེང་གིས་ཇེང་དྲངས་ཏེ། གདུང་འཛིན་གྱི་གོ་ས་རིན་པོ་ཆེར་ཕེབས་དགོས་པའི་གསོལ་འདེབས་ནན་ཏན་ཆེན་པོས་མཛད་པའི་རྐྱེན་དང༌། རྗེ་རྡོ་རྗེ་འཆང་ཉིད་ཀྱང་སྙིགས་དུས་ཀྱི་བསྟན་པའི་མེ་རོ་གསོ་བ་ལ་སྔགས་འཆང་ཆོས་ཀྱི་རྒྱལ་པོ་དང་འཇམ་མགོན་ཨ་མེས་ཞབས་ཀྱི་རྣམ་ཐར་ལྷུར་བཞེས་དོན་ཐོག་ཏུ་འགྱུར་བའི་ཐུགས་བསྐྱེད་དང༌། སྐྱེ་འགྲོའི་བསོད་ནམས་མི་དམན་པ་སོགས་སྒོ་དུ་མ་ནས་རྟེན་འབྲེལ་འགྲིག་སྟེ་སྟོན་མཇུག་གཟའ་སྐར་ལེགས་མཛོམ་ཐོག་ཆོས་ལུང་རྒྱལ་པོའི་སྲས་མོ་གཞོན་པ་ཕུན་ཚོགས་ཚེ་རིང་དེ་ཉིད་གསང་རྒྱ་འཛོལ་མེད་དུ་པདྨ་འདམ་ན་གནས་ཀྱང་འདམ་གྱིས་མ་གོས་པ་བཞིན་དུ་ཁབ་བཞེས་མཛད། མགོ་ཟླ་ནས་བཟུང་རྗེ་ཉིད་ཀྱིས་རྗེ་བཙུན་ས་སྐྱ་པའི་གདུང་རབས་མྱུར་འབྱོན་སྐུ་རིམ་དུ་གདུགས་དཀར་ཉེར་བདུན་མའི་སྒྲུབ་མཆོད་བརྒྱ་ཚར་གྲངས་གསོག་དང་བདག་མོར་ཀྱེ་རྡོར་རྒྱུ་དབང་དང་དེ་ཚེ་དཔག་མེད་ལྷ་དགུའི་དབང༌། སྒྲོལ་མ་ཉེར་གཅིག་སོགས་རྗེས་གནང་ཁ་ཤས། ཁྱད་པར་སོ་སོར་འབྲང་མའི་རྗེས་གནང་བརྒྱ་ཚར་རྣམས་མཛད་པ་ཙམ་ནས་བཟུང་རྗེ་བཙུན་ས་སྐྱ་པའི་གདུང་བརྒྱུད་རིན་པོ་ཆེ་མ་འོངས་སྲིད་མཐའི་བར་དུ་འབྱོན་པའི་ཆེད་ཁོ་ནར་གནང་བའི་མཛད་པ་གཅིག་པུར་བལྟས་ཀྱང་སྐུ་ཚེ་རིལ་པོ་བྱོལ་བ་དང་འདྲ་