R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༠༢
[A:༥༠༢]སེལ་དོགས་ཟོན་ཟབ༔ །ལྷ་ཕུར་པ་བསྒྲུབ་ན་མཆོག་ཏུ་ཤིས༔ །རྐྱེན་དེར་གྲོལ་བོད་ཁམས་ཕན་བདེ་སྤེལ༔ །ཞེས་སོགས་ཀྱི་ལུང་དང་ཨཽཌྱྀན་པདྨའི་ཚེ་ཆུ་ངོ་མ་ལོ་རྒྱུས་བཅས་སྩལ་བ་བཞེས་ཤིང༌། དེ་དང་ཆབས་གཅིག་རྣམ་རྒྱལ་གྱི་སྐུ་གཟུངས་འབུམ་ཐེར་བཞུགས་པའི་རྣམ་རྒྱལ་མཆོད་རྟེན་བཞི་བཞེང་དགོས་ཚུལ་བཞིན་ངོ་མཚར་རྟེན་བཞིའི་གྲས་རྣམ་རྒྱལ་སྐུ་འབུམ་གྱི་བྱང་ངོས་སུ་མཆོད་རྟེན་འདི་བཞི་བཞེངས་གནང་དང༌། བརྒྱ་དཔོན་བཀྲ་ཤིས་འོད་ཟེར་ནས་རབ་གནས་བརྒྱ་ཚར་མཛད། ཆུ་སྟོད་ཟླ་ནང་ནས་བཟུང་རྗེ་བཙུན་ས་སྐྱ་པའི་གདུང་རབས་མྱུར་འབྱོན་ཆེད་དུ་གཟུངས་གྲ་ལྔའི་སྒྲུབ་མཆོད་བརྒྱ་ཚར་མཛད་པའི་ཆོ་ག་རེར་གཙོ་མོའི་སྔགས་ཉིས་བརྒྱ་ཉེར་གཅིག་དང༌། ལྷ་མོ་བཞིའི་སྔགས་ཞེ་གཉིས་རེ་འཁོར་སྔགས་ཉེར་གཅིག་རེ་བཅས་དང་བསྟུན་བདག་མོར་དབང་བསྐུར་བརྒྱ་ཚར་མཛད་མུའི་ཟླ་ནང་དེར་རི་ཁྲོད་མའི་བུམ་ཆོག་ལྗགས་རྩོམ་གསར་བསྒྲིགས་སྟེང་ཐོག་མར་གནང་སྟེ། སྒོ་རུམ་དུ་གསུང་བསྐང་དང་སྦྲགས་གསང་རྒྱའང་གྲོལ་ཞིང་ཕུན་ཚོགས་གླིང་དུ་ཕེབས། མི་རིང་བར་རྗེ་ཉིད་ཁའུར་སྨན་ཆབ་ལ་ཆིབས་བསྐྱོད་སྐབས་ཀྱང་གྲ་ལྔའི་སྒྲུབ་མཆོད་ཆག་མེད་མཛད་རྒྱུའི་ཆས་རྣམས་འགེལ་ཁལ་དྲེའུ་ཕྱིར་ལོག་པ་སོགས་འཚུབས་ཉམས་འགའ་ཞིག་བྱུང་བ་ནི་བདག་མོ་དེ་ཡུན་རིང་མི་བཞུགས་པའི་ལྟས་དང༌། གྲོ་བཞིན་ཕུར་སྒྲུབ་གྲོལ་ནས་མཁན་ཆེན་གསར་བསྐོ་དང་བཅའ་ཡིག་ལེ་ཚན་དུ་མ་འདི་རྣམས་ལྗགས་བསྒྲིགས་མཛད། ཁྲུམས་ཟླའི་ནང་ཤིང་བཟོ་ཚང་མ་གྲུབ་པའི་ཡར་ཚེས་དགེ་བར་རྗེ་རྡོ་རྗེ་འཆང་ནས་བུམ་གཏེར་རིགས་ལྔ། རྒྱུད་སམ་པུ་ཊི་དང་དཔའ་བོ་གྲུབ་པ་ནས་གསུངས་པའི་ས་གཡོས་ཐོག་བསྲུང་གནོད་སྦྱིན་འཁོར་ལོ་སོགས་ནན་ཏན་སྒྲུབ་གནང་རྣམས་ས་སྟེགས་ཀྱི་དབུས་དང་ཕྱོགས་མཚམས་རྣམས་སུ་བཀོད་བཞིན་བཞུགས་པ་དང༌། ཁྱད་པར་གནོད་སྦྱིན་བང་མཛོད་དངོས་པོ་བཟང་དགུ་ཕོངས་མེད་སྤུངས་པར་མཛད་