R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༢༡
[A:༣༢༡]སྲས་ལ་བཀའ་སྩལ་པ། རིགས་ཀྱི་བུ་ངས་ནི་རྒྱལ་ཁྲིམས་ཆོས་བཞིན་དུ་བསྒྱུར་ནས་སངས་རྒྱས་ཀྱི་བསྟན་པ་དར་བར་བྱས། བོད་འབངས་བདེ་བ་ལ་བཀོད་པ་ཡིན་ནོ། །ཁྱོད་ཀྱིས་ཀྱང་ངའི་རྒྱལ་སྲིད་འདི་མ་ཉམས་པར་ཆོས་བཞིན་དུ་སྐྱོངས་ཤིག །ངའི་གཙུག་ལག་ཁང་འདི་གཉིས་ཀྱི་ཞབས་ཏོག་ཁྱོད་ཀྱིས་གྱིས་ལ། དར་དུ་ཆུག་ཅིག །ངའི་ཕོ་བྲང་ལྷའི་གནས་དང་འདྲ་བ་འདིའི་འཛིན་སྐྱོང་གྱིས་ཤིག །ངའི་བཙུན་མོ་དང་བློན་པོ་བོད་འབངས་ཐམས་ཅད་རེ་ཞིང་ལྟོས་པའི་ཕ་མ་ལྟ་བུ་གྱིས་ལ། ཕན་པ་དང་བདེ་བས་ཁྱབ་པར་གྱིས་ཤིག །དེ་ནས་གདུང་རབས་ལྔ་པ་ལ། །འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་སྟེ། །རྒྱལ་པོ་ལྡེ་ཞེས་བྱ་བ་འབྱུང༌། །དེས་ཀྱང་དམ་ཆོས་རྒྱས་པར་བྱེད། །དེ་ནས་གདུང་རབས་གཉིས་པ་ལ། །ཕྱག་ན་རྡོ་རྗེའི་སྤྲུལ་པ་སྟེ། །རྒྱལ་པོ་ཁྲི་ཞེས་བྱ་བ་འབྱུང༌། །དེས་ཀྱང་དམ་ཆོས་རྒྱས་པར་བྱེད། །དེ་ནས་བདུད་ཀྱི་སྤྲུལ་པ་སྟེ། རྒྱལ་པོ་དུད་འགྲོའི་མིང་ཅན་འབྱུང༌། །དེ་ཡི་ཐུགས་ལ་གདོན་གསོལ་ནས། ལྷ་ཁང་བསྐྱེལ་ཞིང་དམ་ཆོས་བསྣུབས། །སྡེ་སྡོན་འཛིན་པའི་སྲོག་ཀྱང་གཅོད། །ཆོས་མཛད་ཐམས་ཅད་བསད་ཅིང་བཅོམ། །གླེགས་བམ་ཐམས་ཅད་མེ་ལ་བསྲེག །སངས་རྒྱས་བསྟན་པའི་དཀྲུགས་ཤིང་དེས། །བླ་མ་སློབ་དཔོན་བྲན་དུ་བསྐུལ། །རབ་བྱུང་བཙུན་པ་ཆོས་དང་ཕྲལ། །དགེ་བཤེས་རྣམས་ལ་ཤན་པ་བཅོལ། །སངས་རྒྱས་ན་བཟའ་ཆུ་ལ་བསྐུར། །རྟེན་གསུམ་མཆོད་ཆ་རྡོ་ཡིས་བརྡུང༌། །ཆོས་ཀྱི་མིང་ཡང་མེད་པར་བྱེད། །དེ་ནས་ཡེར་བའི་བྲག་ཁུང་ན། །ཕྱག་ན་རྡོ་རྗེའི་སྤྲུལ་པ་སྟེ། །དཔལ་ཞེས་བྱ་བའི་དགེ་སློང་གིས། །སྡིག་ཅན་རྒྱལ་པོ་སྒྲོལ་བར་འགྱུར། །ཞེས་ལུང་བསྟན་དང་ཐུགས་བསྐྱེད་སྨོན་ལམ་དུས་སུ་སྨིན་ནས། ཡེར་བའི་བྲག་ཁུང་ནས་སྒོམ་བྱེད་ཀྱིན་ཡོད་པ་ལ། ནམ་ཕྱེད་ན་ལྷ་སའི་བསྟན་སྲུང་དཔལ་ལྷ་མོ་བྱུང་ནས། ད་ལྟ་