R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༡༠
[A:༥༡༠]ཕུན་ཚོགས་ཚེ་རིང་མ་གཤེགས་པས་སྔ་མའི་ཉི་དྲོས་ཙམ་ལ་ས་སྐྱའི་ནམ་མཁའི་དབྱིངས་ཐམས་ཅད་སྤྲིན་ཁ་དོག་ལྔ་ལྡན་སྔར་མཐོང་མ་མྱོང་བས་གང་བ་ཞིག་བྱུང་དུས་འཇམ་མགོན་དེ་ཞིང་བརྗེས་པ་རྗེ་ཉིད་ཀྱིས་མཁྱེན་པ་དང་བཅས། རྗེ་དེའི་དགོངས་རྫོགས་སུ་ལོ་སྟར་དུས་དྲན་གྱི་ཐོག་བྱམས་ཆོས་སྡེ་ལྔ་ཀློག་འདོན་ཡང་མཛད། དབོ་ཟླའི་ནང་ཕུན་ཚོགས་ཚེ་རིང་མའི་དགོངས་རྫོགས་སུ་འཇམ་དབྱངས་ཀྱི་སྨན་སྐུ་ངོ་མཚར་ཅན་འདིའི་སྐུ་རྒྱུ་རྟེན་འདམ་དཔེ་བྲལ་མར་གྲགས་པ་སོགས་བྱིན་རླབས་ཕོན་ཆེ་བ་དང་རིན་པོ་ཆེ་དང་སྨན་སྣའི་ཚོགས་ཀྱི་ཕྱེ་མ་འཇིམ་པར་བསྲེས་ནས་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་ནང་རྟེན་འཇམ་དབྱངས་གཟི་འོད་འབར་བའི་སྐུ་དབྱིབས་འདྲ་གང་ལོན་མཛད་ནས་རིང་བསྲེལ་རྣམ་བཞིས་ཕྱུར་པོར་མཛད་དེ་རབ་ཏུ་གནས་པའི་བྱིན་རླབས་ཀྱི་གཟི་བྱིན་གཡོས་ཏེ་བཞུགས་སུ་གསོལ་བ་དང༌། ཡང་ཨ་ཎིའི་དྲུང་ཀུན་དགའ་བསྟན་པའི་ཉི་མ་དང་རྗེ་ཉིད་ཀྱི་ཡུམ་མཆོག་བསོད་ནམས་དཔལ་གྱི་དབང་མོ་ཟུང་གི་ནང་རྟེན་དངུལ་གདུང་རིན་པོ་ཆེ་བྱང་ཆུབ་མཆོད་རྟེན་ཕྱག་ཚད་ཅན་དབུ་ཞབས་བར་གསུམ་གྱི་གཟུངས་རིང་བསྲེལ། སྐུ་གཤེགས་ཟུང་གི་གདུང་འདམ་ལ་སཱཙྪ། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཆོས་སྲུང་ནོར་ལྷའི་སྐུ་པར་གྲངས་མང་བསྐྲུན་པ་སོགས་ཀྱིས་གཏམས་ཏེ་ཕྲ་རྒྱན་མཆོད་རྫས་དང་བཅས་ངོ་མཚར་འཕྲུལ་གྱི་བཀའ་འདོམས་ཚར་ཕྱིན་མཛད་རྗེས་དམ་ཡེ་དབྱེར་མེད་དུ་བྱིན་གྱིས་བརླབས་ཏེ་ལུས་ཅན་བསོད་ནམས་གསོག་པའི་ཞིང་མཆོག་དམ་པར་མིག་གི་སྤྱོད་ཡུལ་དུ་གསལ་བ་འདི་དང༌། ཡང་རབ་འབྱམས་རྒྱལ་བ་ཀུན་གྱི་སྤྱི་གཟུགས་ཁྱབ་བདག་དཔལ་ལྡན་བླ་མ་དམ་པ་བཀའ་དྲིན་མཚུངས་མེད་ཐར་རྩེ་རྡོ་རྗེ་འཆང་ནམ་མཁའ་བསམ་འགྲུབ་ཀུན་དགའ་མཚན་དཔེའི་རྒྱལ་མཚན་དཔལ་བཟང་པོ་ཞེས་སྙན་པའི་བ་དན་སྲིད་པ་གསུམ་ན་གསལ་བ་དེ་ཉིད་ཀྱི་སྨན་སྐུ་ཡིད་བཞིན་གྱི་ནོར་བུ་གསར་བསྐྲུན་མཛད་པ་འདི་ཉིད་ཀྱི་རྒྱུ་ནི། ས་འཇིམ་གཙང་མར་རྫས་ཉེར་ལྔའི་ཐོག་དྲངས་བཟང་ཞིང་གྱ་ནོམ་