R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༡༡
[A:༥༡༡]པ་དུ་མ་དང༌། རྟེན་འདམ་དཔེ་བྲལ་མ་ལ་སླར་ཡང་རྗེ་ཉིད་ནས་བྱིན་རྟེན་མང་དུ་བསྲེ་བར་མཛད་པའི་ལྡེ་གུ་དང་ལྷན་ཅིག་སྦྲུས་པ་ལས་གྲུབ་པའི་ཐར་རྩེ་བ་ཉིད་ཀྱི་སྐུ་ཤིན་ཏུ་འདྲ་ལོན་ཞིང་མི་བསྐྱོད་རྡོ་རྗེའི་ཕྱག་རྒྱ་ཅན་དུ་བཞུགས་པ་འདི་ཉིད་ཀྱི་ནང་གཟུངས་གཙོ་བོ་ཡབ་རྗེ་བསོད་ནམས་རིན་ཆེན་གྱི་ཐུགས་དམ་རྟེན་ཡུན་རིང་མཛད་པའི་འཇིགས་བྱེད་ཀྱི་སྨན་སྐུ་ཆུང་ངུ་རྭ་ལོའི་མངོན་རྟོགས་རིན་ཆེན་སྙིང་པོ་དང་མཐུན་པ་ལ་འདོད་གསོལ་གྱིས་སྤྲས་པ། རྫོགས་པའི་སངས་རྒྱས་དང་ཁྱུང་པོའི་རིང་བསྲེལ་བཅས་ཁྱོན་དགུ། རྗེ་ཉིད་ཀྱི་ཕྱག་ཚ་གྲངས་མང༌། ཐར་རྩེ་རྗེའི་ཐུགས་དམ་ཕྱག་ཕྲེང་བ་སོ་དེ་ཉིད་ཀྱི་གདུང་འདམ་དང་གོང་མ་མང་པོའི་གདུང་འདམ་ལས་བསྐྲུན་པའི་སྐུ་པར་མང་པོ། དབུ་ཞབས་བར་གསུམ་གྱི་གཟུངས་རིང་བསྲེལ་གྱིས་ཕྱུར་བར་མཛད་དེ་འདུས་ཚོགས་ནས་རབ་ཏུ་གནས་པའི་མེ་ཏོག་ཚར་ཁ་ཤས་དང༌། རྗེ་རྡོ་རྗེ་འཆང་ཉིད་ཀྱིས་ཀྱེ་རྡོ་རྗེ་ལ་བརྟེན་པའི་རབ་ཏུ་གནས་པའི་མེ་ཏོག་གནད་སྨིན་ཕུལ་དུས་ཀྱི་གསུང་ལས། ཡེ་ཤེས་སེམས་དཔའ་ཕེབས་པའི་རྟགས་ཀྱང་ཤར་བས་དགོས་འདོད་རེ་སྐོང་འདི་ཉིད་ལ་རྗེ་དེ་རང་གི་དབུ་ཞྭ། གོས་བེར། ཞལ་དཀར་སྟེགས་བཅས། སྤྱི་བླུགས། འཐོར་སྣོད། རྡོར་དྲིལ། ནང་མཆོད། ཐོད་ཌཱ། བུམ་པ་སོགས་བསོད་ནམས་ཀྱི་ཞིང་མཆོག་དེར་ཕུལ་བ་ཡིན་ཅིང༌། རྗེ་དེའི་སྐུ་དྲིན་ནི་ནམ་དུ་ཡང་ཁྱེར་མཐའ་མ་མཆིས་སོ། །རྒྱུ་མཚན་ཅིའི་ཕྱིར་ན། ཡབ་རྗེ་རྡོ་རྗེ་འཆང་དེ་ཉིད་ཞི་བར་གཤེགས་དུས་རང་ཉིད་བྱིས་པ་ན་ཕྲ་ལུགས་གཉིས་ཀྱི་བླང་དོར་ལ་རྨོངས་པའི་དུས་ཆོས་འཇིག་རྟེན་གྱི་མགོ་འདོན་ཚང་མ་དམ་པ་འདིའི་སྐུ་དྲིན་གྱིས་བསྐྱངས་པའོ། །ཞེས་གསུངས། དེ་མཚམས་ནས་དབུས་ཀྱི་ཆོས་སྐྱོང་ཁག་གི་ལུང་བསྟན་ལས་རུ་མཚོན་མང་པོ་དགོས་ཚུལ་བཞིན་ནང་སོ། དུས་མཆོད་དགའ་ལྡན་སྨུག་ཆུང་རྣམས་ཀྱི་ནང་དང་བསམ་བརླིང་མགོན་ཁང་སྟེང་བཅས་སུ་སོ་སོའི་ཐུག་ཆོག་གསར་བསྒྲིགས་ལྟར་འཛུགས་པར་མཛད་པ་དང༌།