R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༡༥
[A:༥༡༥]གསུམ་མ། རྣམ་སྲས་རིགས་ཆེན་བཅོ་ལྔ་སྙན་གྲགས་སྒྲུབ་དང་བཅས་པ། དུད་སོལ་མ། བྲན་བདུད། ཟངས་གྲི་གཉིས། བེཀྩེ་གཉིས། མགོན་པོ་ཕྱག་བཞི། ཕྱག་དྲུག །བེང༌། ལེགས་ལྡན། སྟག་ཞོན། ཏྲཀྴད། ཚེ་རིང་མ་རྣམས་དང༌། རྗེ་ཉིད་ཀྱི་གསུང་རྩོམ་འཇིགས་བྱེད་བཅུ་གསུམ་མངོན་དཀྱིལ། མགོན་མདོས་དང་ཞལ་གྱི་དམ་ཚིག་བསྐང་བ། སྐུ་བསྟོད་དད་ལྡན་རེ་སྐོང་ཡིད་ནོར། གདུང་རབས་མྱུར་འབྱོན་གསོལ་འདེབས། བདེན་ཚིག་གངྒཱའི་ཆུ་རྒྱུན། རྒྱུད་སྡེའི་གསོལ་འདེབས། གྱི་ལྗང་ལུགས་ཀྱི་གཏོར་བསྐང་ལུང་རྣམས་དང༌། གཤེད་དམར་ལྷ་ལྔའི་དབང་ལུང་བཅས་གནས་གསར་རྗེ་ནས་སྡེ་དགེ་ཆོག་དབོན་ལ་ཆོས་བཀའ་རྒྱ་ཆེར་སྩལ་དགོས་ཀྱི་བཀའ་བཞིན་ལ་ལས་ཅན་གྱི་ཞལ་སློབ་གཞན་དག་ཀྱང་རྗེས་སུ་བཟུང་ཞིང༌། འཇིགས་བྱེད་ར་འཁྲིད་དུས་ངོ་མཚར་འདི་ལྟ་མཐོང་སྟེ། དེའི་འབྲས་བུ་རྡོར་འཛིན་གྱི་སེམས་འཛིན་གྱི་དབུ་ཚུགས་ཉིན་སྐྱིད་གྲོང་གནས་པོ་གསུང་རབ་ཀྱིས་རལ་གྲི་ཡུ་བ་ལ་རྡོ་རྗེ་ཕ་ལམ་གྱི་རྒྱན་ལྡན་ཞིག་ཁྱེར་ནས་གློ་བུར་དུ་བྱུང་བ་ལ། རྗེ་རྡོ་རྗེ་འཆང་གི་གསུང་ལས། གསུང་རབ་དང་རལ་གྲི་དང་རྡོ་རྗེ་ཕ་ལམ་གསུམ་གྱི་མིང་བཀྲ་ལས་བཟང་ངན་ཅི་ཡིན་ཤེས་ལྡན་དག་གིས་རྟོགས་ནུས་གསུངས་ཏེ་ཞལ་བྱང་འབྱར་བ་དང་བཅས་ད་ལྟའང་དབང་རྫས་ཁང་གི་འཇིགས་བྱེད་ཕྱག་ཆའི་གྲས་སུ་བཞུགས་སུ་གསོལ་བ་ལགས། ཡང་དེ་ལོ་གདན་སའི་གཙུག་ལག་ཁང་གཡུ་ཐོག །སྐུ་འབུམ་ནུབ། གཞོན་དབང༌། འཁོན་སྐུ་འབུམ། མཐོང་བ་དོན་ཡོད། ཤཱཀ་བཟང་གསུམ། གྲང་མོ་ཆེ། དགེ་འཕེལ། རྫོང་ཆུང༌། རིན་ཆེན་སྒང༌། བདེ་ཆེན་གླིང༌། ཉི་ལྡེ། བདེ་མཆོག །མངོན་དགའ་བདེ་ཆེན། ས་ཚོགས་མོན་ཆུང་རྣམས་དང༌། གཡུ་ཐོག །གྲང་ཆེན། རིན་སྒང༌། བདེ་མཆོག །མངོན་དགའ་བདེ་ཆེན་མགོན་ཁང་རྣམས་སུ་བླ་བྲེ། ཐང་ཀ །ཏིང་ཕོར། བདུན་ཚར། རྔ། དུང༌། འཁར་རྔ། འཐོར་སྣོད། ཌཱ་མ་རུ། ནང་མཆོད། རོལ་མོ།