R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༡༦
[A:༥༡༦] སིལ་སྙན། ཕུད་ཕོར། པད་སྡེར། སྒོ་ལྕགས་སོགས་སྦྱོར་འཇགས་མང་དུ་མཛད་པ་འདི་རྣམས་ཀྱང༌། གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ་འདིར་ངོ་མཚར་བའི་གཙུག་ལག་ཁང་རྟེན་བཅས་བཞི། སྤྲུལ་པའི་ལྷ་ཁང་ཆེན་མོ་རྣམས་ཀྱི་ཐོག་དྲངས་གཙུག་ལག་ཁང་ཇི་སྙེད་བཞུགས་པ་ལ། བར་སྐབས་སུ་སི་ཏུ་བྱང་རྒྱལ་དང་ལྷ་ས་རྫོང་པ་སོགས་བསྟན་དགྲ་གདུག་པ་ཅན་རྣམས་ཀྱིས་ཉམས་ཆག་དུ་མ་བཏང་བར་སྔགས་འཆང་ཆོས་ཀྱི་རྒྱལ་པོས་ཉམས་གསོ་མཛད་པ་ནས་བཟུང་གོང་མ་རིམ་ཅན་གྱིས་གཅེས་སྤྲས་སུ་མཛད་པའི་རྒྱུན་བཟང་པོ་མི་ནུབ་པའི་ཆེད་དང༌། ལྷག་པར་རྗེ་བཙུན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་འཛམ་གླིང་བསྟན་འགྲོའི་དཔལ་དུ་མྱུར་བར་ཕེབས་པའི་ཆེད་དུ་དགོངས་པར་མཛད་དོ། །དེ་དག་གི་དོན་བསྡུ་ན། ལྷོ་ཕྱོགས་ཤྲཱི་དྷཱ་ནྱ་ཀ་ཊ་ནས། །བྱང་ཕྱོགས་ནོར་འཛིན་སྐྱ་བོར་བསོད་ནམས་ཀྱི། །ཆོས་སྐུའི་རྟེན་དུ་བྱོན་ཚེ་དྲེགས་བྱེད་ལུང༌། །ཕྱོགས་ལས་རྣམ་རྒྱལ་རུ་མཚོན་ཕྱར་བར་བསྐུལ། །དེ་ཚེ་བླ་རིའི་གངས་དཀར་འཛུམ་སྒྲོས་དང༌། །གླང་གདོང་འཕགས་མས་ལུང་བསྟན་སྣང་བརྙན་ཀྱང༌། །སྟོང་ཉིད་ཕྱག་རྒྱ་ཁུག་པའི་ངང་ཉིད་དུ། །མ་བསྒྲིགས་ལྷུན་གྲུབ་ལ་ཉེ་ཅི་ཡང་འཁྲུངས། །བྱས་ཤེས་དྲིན་གཟོའི་ངོ་མཚར་ཕྱག་རྗེས་ནི། །འཇམ་དཔལ་ཕུག་པའི་འགྲམ་པར་རྒྱུ་བ་བྱེད། །གདམས་པའི་མཛོད་སྒོ་ཕྱེ་བའི་དྲི་བཞོན་གྱིས། །དྲི་གཙང་ཁང་རྣམས་ངོགས་སུ་བྱི་དོར་མཛད། །ཅེས་ཀྱང་སྨྲས་སོ།། ༈ དགུང་གྲངས་སོ་གཉིས་སུ་ཕེབས་པ་ལྕགས་འབྲུག་ལོ་ནས་བཟུང་གོང་སྨོས་བཞིན་ཆག་མེད་བཞིས་མཚོན་ཉིན་ཞག་ཕྲུགས་རེའི་སྒོམ་སྒྲུབ་ཉེར་བདུན་ཙམ་མཛད་པ་རྣམས་ཇེ་རྒྱས་སུ་གཏོང་བར་མཛད་པ་དང༌། དེ་ལོ་མགོན་པོའི་ཆོས་སྐོར་མཁན་ཆེན་ཆོས་བཀྲ་ཤིས་སོགས་ཞལ་སློབ་འགའ་ཞིག་ལ་སྩལ་བའི་ཚེ། ཁྱབ་བདག་དགོན་གསར་བ་ཆེན་པོ་སྔགས་འཆང་བསོད་ནམས་ཆོས་འཕེལ་གྱིས་རྗེ་ཉིད་ལ་དབུགས་