R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༡༧
[A:༥༡༧]དབྱུང་གཟེངས་བསྟོད་དང་བཅས་ས་སྐྱ་པའི་གདུང་རབས་འབྱོན་པར་ལུང་བསྟན་པ་དང༌། སློབ་དཔོན་བྲམ་ཟེ་མཆོག་སྲེད་ཀྱིས་སྦ་སྡེར་ལ་ལྕགས་དཀྲོལ་ར་མ་ལུག་གི་རྒྱན་བཏབ་པ་ཞིག་ཏུ་གསོལ་ཇ་དྲོན་མོ་སྩལ་བ་དང༌། མཁན་ཆེན་ངག་དབང་ཆོས་གྲགས་མནལ་ལམ་དུ་འཁྲུངས་ཚེ་མགོན་དེས་མཛད་པའི་པོད་ཆེན་དྲུག་གི་འགྲེལ་པར་ལྗགས་ལུང་ཞུ་འདོད་ཀྱིས་གླེགས་བམ་རྣམས་མྱུར་པོར་བཞེས་སྐབས་མཁན་ཆེན་དེ་གར་ཕེབས་མི་སྣང་བ་ཞིག་འཁྲུངས་ཤིང༌། ས་གར་མི་འཁྲུགས་པའི་དབང་གྲུབ་འཕྲལ་གསང་རྒྱ་གྲོལ་ཏེ་ལེགས་འབུལ་དང༌། མི་རིང་བར་སྨན་ཆབ་ལ་ཕེབས་སྐབས་མ་མོའི་ཆུ་གྱོང་བའི་ཁར་ཉིན་གཅིག་ཆབ་སྟེང་དུ་སྦྲུལ་ཞིག་ལ་སྙིང་རྗེས་ཀུན་ནས་བསླངས་ཏེ་ལྗགས་ཕུས་མཛད་པའི་རྐྱེན་གྱིས་ཞབས་མཐེབ་ལ་གཟུག་གཟེར་འཁྲུངས་པས་བླ་སྨན་རྒྱལ་ཚིང་ནས་དྲེག་ཡིན་ཚུལ་ཞུས། ཇེ་ལོད་ཀྱིས་མར་ལམ་སྐྱེད་ལྷས་མགོན་ཁང་ལའང་ཕེབས་མ་བདེ། སྒང་མཁར་ཡུམ་མཆོག་ནས་དབུ་མཐིང་བཞེས་སྐབས་ཆིབས་གཞོལ་བའི་ཚེ་ཞབས་ནད་སིང་དངས་སུ་གྱུར་པས་ཞབས་ཕྱི་ཀུན་དེ་གར་ཧ་ལས། སྐྱེས་ཕོ་མོས་གླུ་གཞས་ཀྱིས་སྔུན་བསུས་གདན་སར་ཕེབས་པས་ཞབས་སྐྱོན་ཅི་ཡང་མ་བྱུང་བ་ནི་འཕྲལ་དུ་འཚུབས་ཀྱང་འགྱངས་མིན་ནས་ཐུགས་འདོད་འགྲུབ་པའི་ལ་ཉེ་བཟང་བར་མ་ཟད་དབུ་མཐིང་བཞེས་འཕྲལ་སྙུན་ལས་གྲོལ་ཚུལ་དེ་བཞིན་རྗེ་ཉིད་འབྱུང་བཞི་ལ་རང་དབང་ཐོབ་པའི་དགོངས་གཞི་ཁྱད་པར་ཅན་ནོ། །དེའི་སང་ནས་ཡང་སྔར་བཞིན་སྙུན་གཞི་དེས་ཟླ་ཕྱེད་ཙམ་བསྐྱེད་མ་བཞེས་པའི་ཚུལ་གྱི་ཐུགས་ཉམས་འུར་ཏེ་སྨན་བཅོས་རྣམས་ཆམ་གྱིས་བསྐྱུར་ནས་སྔར་ནས་འོད་གསལ་དུ་འཁྲུངས་ཤིང་ཕྱིས་སུ་རྗེས་གནང་ཡང་གསན་པ་འཇམ་དཔལ་ནཱ་ག་རཀྴའི་སྒོམ་བཟླས་སྲུང་སྐུད་བཅས་མཛད་པས། ཞག་ཤས་ནས་ཀླུ་མང་པོ་ཞིག་ཤི་བའི་མཚན་མ་འཁྲུངས་ཏེ་སྙུན་ལས་གྲོལ་བའི་ཚུལ་མཛད། སྣྲོན་ཟླའི་མཇུག་ནས་ཟླ་