R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༢༢
[A:༣༢༢]བོད་ན་གྲུབ་ཐོབ་ཁྱེད་ལས་མི་འདུག །རྒྱལ་པོ་གླང་དར་མས་སངས་རྒྱས་ཀྱི་བསྟན་པ་ལ་བར་གཅོད་བྱས། རྒྱལ་པོ་སྡིག་ཅན་གསོད་རན། ཁོ་མོས་གྲོགས་བྱ་ཡིས། སྙིང་མ་ཆུང་ཞིག་གསུངས་སོ། །དེའི་སང་ཉེ་གནས་ལ་རྒྱུ་མཚན་དྲིས་པས་བདེན་པར་འདུག་ནས་སངས་རྒྱས་ཀྱི་བསྟན་པའི་ཆེད་དུ། རང་གི་སྲོག་བཞི་མདོའི་རྩྭ་བཞིན་དོར་ཏེ། རྒྱལ་པོ་རྡོ་རིང་གི་ཡི་གེར་གཟིགས་སྐབས་དྲུང་དུ་ཕྱིན་ཏེ་ཕྱག་གསུམ་གྱི་དང་པོ་ལ་མཐེབ་སྤྲད། གཉིས་པ་ལ་མདའ་བཀངས། གསུམ་པ་ལ་རྒྱལ་པའི་དཔྲལ་བར་མདའ་བསྣུན་ཏེ་བཀྲོངས་པས། ཕྱིས་རིམ་གྱིས་སངས་རྒྱས་ཀྱི་བསྟན་པ་ནམ་ལངས་ཉི་ཤར་ལྟར་དུ་གྱུར་པ་འདི་ཉིད་ཀྱང༌། འཁྲུལ་མེད་གཏེར་སྟོན་ཆེན་པོས་ལུང་གིས་ཟིན་པའི་སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཀྱི་ཐུགས་རྗེ་ཁོ་ནར་འཁུམས་པ་སྟེ་ལྷ་ལུང་དཔལ་གྱི་རྡོ་རྗེའི་ལོ་རྒྱུས་དང༌།། །། ༈ ཡང་སློབ་དཔོན་ཆེན་པོ་ཛེ་ཏཱ་རིའི་རྣམ་སྤྲུལ་དུ་ལུང་བསྟན་མཛད་པ་ལ། སློབ་དཔོན་ཆེན་པོ་ཛེ་ཏཱ་རིའི་ལོ་རྒྱུས་བཤད་པ་ནི།