R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༥༣
[A:༥༥༣]གི་ལྟས་མོ་ལྟ་བུར་འཆམས་དུས་གནམ་གཤིས་ཤིན་ཏུ་འཇམ་ཞིང་གྲ་འགྲིག་བྱུང༌། འོན་ཀྱང་འཆམས་ར་དོག་ཅིང་དོ་དམ་པ་རྣམས་ཀྱིས་གཏོང་མ་མཁས་པས་ཁྲོམ་རྣམས་འདོད་པ་རྫོགས་པ་རང་ནི་ཇི་འདྲ་བྱུང་ཡོད་དམ་བུད་མེད་གཅིག་མི་ཉོག་གིས་བརྫིས་པ་ཡང་བྱུང་བས་ཁྲིམས་པ་ཚོས་ཞབས་ཕྱི་གོ་མ་ཆོད་དེ་རིགས་ལ་སླད་ནས་ཀྱང་བསྒྲིམ་དགོས་འདུག་གོ །ཞེས་གསུངས། བསྐང་གསོ་བརྒྱ་ཚར་གྲོལ་ནས་ས་ཚོགས་སུ་མི་ཁྲོམ་རྣམས་ནུབ་སྒོ་ནས་ཡོང་ཤར་སྒོར་འཐོན་པའི་བཀའ་འདོམས་བཅས་མི་འཁྲུགས་པ་དང་སྒྲིབ་སེལ་གྱི་གཟུངས་ལྗགས་བཟླས་དང༌། བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་ཀྱིས་གཏོང་ལེན་དང༌། མདོར་ན་མཐོང་ཐོས་དྲན་རེག་ཐམས་ཅད་ལ་སོ་སོའི་གནས་སྐབས་དང་མཐར་ཐུག་གི་དོན་ཡིད་བཞིན་དུ་འགྲུབ་པའི་སྤྱན་དམིགས་དང་ཆབས་གཅིག་ཕྱག་དབང་སྩལ་བ་སྟེ་འདི་ལྟ་བུའི་ཐུགས་བསྐྱེད་དང་སྤྱན་དམིགས་ནི་རྣམ་པ་ཀུན་ཏུ་མངའ་བའང་འདིས་མཚོན་ནུས་པ་བཅས་ཚེ་སེམས་ཡོ་བྱད་ལས་སྐྱེ་བ་མོས་པ་སྨོན་ལམ་སོགས་ལ་དབང་བརྙེས་པས་ན་སྐྱེ་དགུ་རྣམས་ཀྱི་རེ་འབྲས་ཡིད་བཞིན་དུ་འགྲུབ་པར་གདོན་མི་ཟའོ། །དེ་དག་གི་དོན་བསྡུ་ན། དམ་ལྡན་གུ་ཤྲཱིའི་བརྒྱུད་ཀྱི་མཚོ་ནང་དུ། །ལུགས་ཟུང་བསིལ་ཟེར་ཕབ་ཚེ་དད་མོས་ཆབ། །ཇེར་ཆེར་འཕེལ་བའི་རྒྱུད་ནི་འདྲེན་བྱེད་ནས། །ཟེགས་ཚེ་ཡ་མཚན་ནོར་བུའི་དོ་ཤལ་འཁྲུངས། །རིགས་ལྔས་བསྟི་གནས་དབྱིགས་འཛིན་དགའ་མའི་ལྟོར། །མཚན་གསུམ་ཏི་ལ་ཀ་ཡི་ངོ་མཚར་གཟུགས། །སངས་རྒྱས་དབང་བསྐུར་དུས་སུ་སྨིན་པའི་གཏམ། །སྣོད་བཅུད་རྣ་བ་སྟོང་གིས་ཉན་པར་ལྷགས། །གང་ཚེ་རྡོ་རྗེ་འཛིན་ཉིད་བདེ་སྟོང་དང༌། །བཞེངས་འཕྲལ་རྟེན་འབྲེལ་འཕྲུལ་བརྒྱའི་སྒོ་འཕར་འབུམ། །ཕྱེ་བའི་སྒྲ་ནི་མ་བསྒྲགས་ལྷུན་གྲུབ་གྲགས། །ནོར་འཛིན་བཞིན་སྣུམ་འབྱོར་རྒྱས་མིག་གིའང་