R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༧༠
[A:༥༧༠]འུག་ཕྲུག་བྱུང་བའི་ངན་ལྟས་བཟློག་ཆེད་སོགས་ལ་ཐུགས་གཞོལ་བའི་སྐབས་སོ། །དེ་དག་གི་དོན་བསྡུ་ན། ལེགས་བྱས་གཡབ་མོས་གཉའ་ཤིང་འཛིན་རི་ནས། །ལྷ་རིགས་སྣང་བྱེད་རྗེས་སུ་མཆེད་ཟླའི་གཟུགས། །བསྙེགས་ལ་རྣམ་འདྲེན་ཉི་ཟླའི་མཚན་སྙན་ནི། །བསྐྲུན་པའི་ཡབ་ཡུམ་རྒྱལ་བསྟན་སྤེལ་བའི་བདག །ཕྲིན་ལས་ཟེར་ཕྲེང་བརྡལ་བའི་ཞལ་སྒོ་ལས། །དུས་གསུམ་ལུང་བསྟན་རྡོ་རྗེའི་མདུད་རྒྱ་དང༌། །མཉམ་དུ་ཆས་པའི་དགེ་མཚན་ཅི་ཡང་ནི། །སྔོན་བྱོན་གོང་མའི་རྣམ་ཐར་ངང་དུ་གཡོས། །ཤེས་རབ་སྒྱུ་མའི་སྐྱེད་མོས་ཚལ་འཁྲུངས་པའི། །པདྨ་གཞོན་ནུ་ཡལ་ཡང་རྟེན་འབྲེལ་གྱི། །ཟློས་གར་ར་ཡིག་གཉིས་པས་སྒྱུར་བཞིན་དུ། །ངན་ལྟས་མུན་པ་བསལ་བའི་སྣང་བ་འབར། །ཞེས་ཀྱང་སྨྲས་སོ།། །། ༈ དགུང་གྲངས་སོ་དགུར་ཕེབས་པ་མེ་ཕག་རྟ་ཟླར་མགོན་ནུབ་གཏོར་སྤོད་དང་བསྟུན་ཐུག་རྣམས་ཉམས་གསོ་དང་འཛུགས་ཆོག་བན་ཚང་བཅས་ནས་མཛད་ཅིང༌། རྒྱུད་བླ་མཆོད་སོགས་ལ་ཕེབས་རྟག་གི་མུར་དབོ་ཟླ་གཉིས་བརྩེགས་ལ་གཞུང་སའི་སྐུ་རིམ་བེཀྩེའི་གཏོར་བཟློག་དང་འཆར་ཅན་ཕུར་བཟློག་ལའང་ཕེབས་ཤིང༌། ཟླ་བ་འདི་ནས་བཟུང་ཇི་སྲིད་བསྐལ་པའི་བར་སྡོམ་གསུམ་ཚེས་མཆོད་གཞུང་སྐྱོར་ཟླ་རེར་ལན་གསུམ་རེ་ཆག་མེད་ཀྱི་རྒྱུན་བཟང་འདི་ཉིད་གསར་འཛུགས་བཀའ་དྲིན་ཆེ་སྟེ་ཚོགས་དབུར་བྱོན། ནག་ཟླའི་ནང་ཁ་སྐོང་ཚེས་མཆོད་ཀྱང་སྡོམ་གསུམ་དང་འདྲ་བར་གསར་འཛུགས་དང༌། དེ་ནས་དམ་ཚིག་བསྐང་གསོར་ཕེབས་གོང་ཙམ་དུ་ཆོས་ལུང་ནས་སྐུ་ཞང་རྒྱལ་པོ་རྣམ་ལགས། སྲས་ཡུམ་སྲས་མོ་དཔོན་གཡོག་བྱོན་པས་སྔར་བཞིན་གང་སར་བདག་རྐྱེན་ཡང་དག་དང༌། ཚེ་དབང་སྟོན་མོ་སོགས་ཟབ་རྒྱས་སུ་བསྟར་བ་མཛད་པས་ཁོང་དཔོན་གཡོག་ཀྱང་དགའ་མགུ་ཡི་རང་སྟེ་སླར་ལྡོག །ས་གའི་གསང་འདུས་མགོན་མདོས་སྣྲོན་ཟླའི་ལྷ་མོ་མཆོད་བདེ་ཀྱེ་སྒྲུབ་མཆོད་སོགས་ལ་ཕེབས་མུ་