R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༧༡
[A:༥༧༡]དང༌། ལྷག་པར་རྗེ་ཉིད་ནས་སྔར་ཕན་མུས་ཆེན་མཆོད་འབུལ་ལ་མ་ཕེབས་ཀྱང་དེ་ལོ་ནས་བཟུང་ཕེབས་ཏེ་འཇམ་མགོན་ཨ་མེས་ཞབས་ཡབ་སྲས་ཀྱི་སྐུ་ཐོག་བཞིན་ཆོས་སྤྱོད་བར་གདངས་སོགས་དེ་བས་བསྒྲིགས་ཀྱིས་ད་ལྟའི་ཉིན་ཁྱོངས་མའི་རྒྱུན་བཟང་འདི་མཛད་ཅིང༌། ཆུ་སྟོན་སྒྲུབ་མཆོད་དང་ལོ་བཅོལ་སོགས་ལའང་བྱོན། དུས་གཏོར་ཆེན་མོ་དགུང་གྲངས་ཉེར་གཉིས་ནས་བཟུང་ཆག་མེད་མཛད་ཀྱང་བན་ཚང་པ་དང་ལྷན་ཅིག་སྒྲུབ་མཆོད་གཏོར་བཟློག་སྐབས་མ་གཏོགས་མགོན་ཁང་སོ་སོར་མ་གནང་ཡང༌། དེ་དུས་ལྷ་ཁང་རྩེར་ཕེབས་པ་ནས་བཟུང་ཕལ་ཆེར་ལྷན་དུ་མཛད་ཅིང༌། གསོལ་ཐབ་ལྷོར་མི་ཕེབས་ཙམ་ལ་མཛོད་འཛིན་ཤེས་རབ་ཕུན་ཚོགས་ནས་གཞི་ཐོག་ལྷོའི་ཤར་ནུབ་མཐོ་དམའ་མཉམ་ན་ལེགས་ཚུལ་སྙན་སྒྲོན་བཞིན་ལ་ནང་སོ་ཚོམས་ཆེན་གཡབ་ཆེན་སོགས་ལ་བརླིང་ལྟ་དགོས་པའི་བཀའ་འདོམས་བཅས་ཕྱག་ལེན་དུ་བཏབ་པ་མཐར་ཕྱིན་འཕྲལ་རྗེ་ཉིད་བན་ཚང་པའི་འཁོར་ཚོགས་བཅས་ནས་རྒྱལ་མཚན་འཛུགས་ཆོག་ཐུག་ཆོག་སོགས་ཡང་དག་སྩལ། དེ་ལོ་ནས་བཟུང་ཁྲུམས་ཟླའི་རིགས་ཆར་ཡང་ཚོགས་ཕེབས་རྟག་པོ་དང༌། དེའི་ཉེར་བཞིར་སྟོད་ལ་དྭགས་རྒྱལ་པོ་མཛད་པ་མི་ལེགས་པའི་སྦིར་གཏམ་གྱི་རྐྱེན་གྱིས། ལ་དྭགས་རྒྱལ་བློན་ལ་རྒྱུ་འབྲས་ཀྱི་བཀའ་ཚིག་སྔོན་དུ་གཏོང་བར་མཛད་ནས་གནའ་བོའི་ཆོས་རྒྱལ་གྱི་ལུགས་བཞིན་བསྐྱངས་ན་གང་སར་དགེ་བའི་བཀའ་འདོམས་དང༌། དེ་ལོ་སྤྱན་ལྟས་ཤིག་ཏུ། རྗེ་རྡོ་རྗེ་འཆང་ཆེན་ཉིད་བལ་ཡུལ་ན་མཆིས་པར། མཆོད་རྟེན་བྱར་རུང་ཁ་ཤོར་གཟི་འོད་འབར་ཞིང་བྱང་ཕྱོགས་ན་སྤྱན་གཟིགས་ཀྱི་ལྷ་ཁང་འོ་བརྒྱལ་བ་ཞིག་དང༌། བལ་པོའི་གྲོང་ཁྱེར་ཀུན་མི་ནོར་ཟད་པ་འདྲ་བ་མི་ཐོར་རེ་བ་ལས་མེད་པའི་མུར། ལྷོ་ནུབ་ནས་ཉི་མ་ཤར་བྱུང་གླེང་ཞིང་ཐམས་ཅད་སྐྱིད་ཉམས་བྱེད་པ་ཞིག་འཁྲུངས་པ་ནི་ཀུན་གྱིས་དགོངས་སླ་ཞིང༌། འདི་ལ་ད་དུང་སྤྱན་ལྟས་དང་དྲིལ་བུ་ཕུལ་བ་སོགས་འོག་