R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༢༨
[A:༣༢༨]ཀྱིས་བྱིན་གྱིས་བརླབས་པའི་དུས་ཆེན་ཁྱད་པར་ཅན་དང་ཉེ་བར་སྦྱར་སྐབས། རྨི་ལྟས་སུ་གདོང་དགའ་ཆོས་སྡེའི་ཚོགས་དཔོན་བགྱིས་ཏེ་ཆོ་ག་ཕྱག་ལེན་ལ་ཞུས་དག་སོགས་བརྩེ་བའི་བསླབ་བྱ་བགྱིས་པ་དང༌། འཇམ་མགོན་ཨ་མེས་ཞབས་ཀྱི་བཀའ་ཤོག་ཞིག་ལག་ཏུ་འབྱོར་བར། ཁྱོད་ལ་གཞན་ཟེར་མ་དགོས། བདག་ཆེན་རྡོ་རྗེ་འཆང་གི་བདུད་རྩི་རིལ་བུ་སྒྲུབ་ཚུལ་སོགས་ཚིགས་བཅད་འདི་ནང་ན་གསལ་ཡོད་དོ་གསུངས་པ་བཞིན་བལྟས་པས། བློ་གྲོས་རྒྱལ་མཚན་ཞེས་པའི་མཚན་ཁོ་ན་ལ་གྲས་པའི་ཚིགས་བཅད་སུམ་ཅུ་རྩ་གྲངས་ཙམ་ཡོད་པ་ཞིག་བྱུང་བ་དང༌། རིན་ཆེན་སྒང་བླ་བྲང་གི་གདུང་རབས་ཀྱི་སྐུ་རྒྱ་ནག་འཇིམ་བཟོ་མ་ལ་གཟུངས་ཕུལ་བ་བཅས་ཤར་བས་བྲག་རྩ་རྗེས། རྗེ་འདིའི་འཁྲུངས་རབས་ཀྱི་སྐབས་སུ། བདག་ཆེན་རྡོ་རྗེ་འཆང་གི་རྣམ་སྤྲུལ་ཡིན་པར་གསུངས་པ་དེ་གསལ་འདེབས་ཡིན་འདྲ། ཞེས་གསུངས་ཤིང༌། དེས་ན་སྒྲོ་ལུང་པ་ཆེན་པོ་དེ་ཉིད་ནི། རྗེ་བཙུན་ས་སྐྱ་པའི་སྙན་བརྒྱུད་གདམས་པ་རྒྱ་མཚོའི་མངའ་བདག །བདག་ཆེན་རྡོ་རྗེ་འཆང་ཆེན་པོ་དང༌། གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་སོགས་ཀྱི་ཟློས་གར་དུ། དེ་ཉིད་ཀྱི་རྣམ་པར་ཐར་པ་ཤིན་ཏུ་གསལ་བས་ན། བདག་ཆེན་བློ་གྲོས་རྒྱལ་མཚན་དེ་ཉིད་ནི། རྗེ་བཙུན་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ་དང་ངོ་བོ་གཅིག་པ་གོང་གི་རྟོགས་བརྗོད་ཡིད་འཕྲོག་ཨུཏྤལ་དོ་ཤལ་དུ་བསྙོན་མེད་གསལ་ཞིང༌། དེ་ལྟ་བུའི་བླ་མ་ས་སྐྱ་པ་ཆེན་པོ་ནི་བརྡ་བྱང་ཆུབ་སེམས་དཔའམ། བྱང་ཆུབ་སེམས་དཔའ་སྦྱིན་པ་དཔལ་གྱི་ཡང་སྲིད་ཡིན་པས་ན། རྩ་བའི་སྤྲུལ་གཞི་འཕགས་མཆོག་འཇིག་རྟེན་དབང་ཕྱུག་ཉིད་ཡིན་ལ། ཐང་སྟོང་རྒྱལ་པོ་ཉིད་ཀྱང་ཐུགས་རྗེ་ཆེན་པོར་གྲུབ་པ་ནི། གྲུབ་ཆེན་ཉིད་ཀྱི་གཏེར་ལུང་ལས། ཞི་བ་ཐུགས་རྗེ་ཆེན་པོ་དང༌། །དྲག་པོ་ཁྲོ་རྒྱལ་རྟ་མགྲིན་གཉིས། །དབྱེར་མེད་གཅིག་ཏུ་སྤྲུལ་པ་ལས། །སྐུ་ཡི་ཆ་ལུགས་ཞི་མ་ཁྲོ། །ཞེས་གསུངས་ཤིང༌། གཞན་ཡང་འགའ་ཞིག་བུ་སྟོན་རིན་པོ་ཆེ་དང༌། བླ་མ་དམ་པ་