R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༨༣
[A:༥༨༣]མཐུན་འགྱུར་གྱི་རྐྱེན་སོགས་དེ་དུས་སུ་མ་ཟད་རྣམ་པ་ཀུན་ཏུ་ཡ་ང་བ་དག་གཟིགས་ཚེ་སྤྱན་ཆབ་གཡོ་བ་ཙམ་གྱི་སྙིང་རྗེའི་ཀུན་སློང་དང་བཅས། རླབས་ཆེན་བྱང་ཆུབ་སེམས་དཔའ་ཆེན་པོའི་མཛད་པ་ཁོ་ནས་དུས་འདའ་བ་འདི་དག་ནི། ཇི་སྐད་དུ། ཕན་པར་བསམ་པ་ཙམ་གྱིས་ཀྱང༌། །སངས་རྒྱས་མཆོད་ལས་ཁྱད་འཕགས་ན། །སེམས་ཅན་མ་ལུས་ཐམས་ཅད་ཀྱི། །བདེ་དོན་བརྩོན་པ་སྨོན་ཅི་དགོས། །ཞེས་དང༌། བཀུར་བར་འོས་པ་ལེགས་ཁུར་ཞིང༌། །མགོན་མེད་རྣམས་ལ་ལྷག་པར་བྱམས། །བྱས་ལ་དྲིན་ལན་མི་བརྗེད་པ། །དམ་པ་རྣམས་ཀྱི་མཛད་སྤྱོད་ཡིན། །ཞེས་སོགས་གསུངས་པ་ལྟར་ལགས། དེ་ནས་སྔོན་དུས་འཇམ་མགོན་ཨ་མེས་ཞབས་དང་ཡབ་རྗེ་རཏྣའི་མཚན་ཅན་གྱི་སྐུ་ཐོག་སོགས་ལ་དཔའ་བོ་དཔའ་མོར་རྡོར་ལེགས་སོགས་ཁོག་ཞུགས་ཀྱིས་ངན་གཏད་འདོན་སྲོལ་འདུག་པ་དེ་བཞིན་གྱི་བཀའ་གསང་མཛོད་འཛིན་སོགས་ལ་གྲོལ་ནས། བདུན་ཕྲག་གཅིག་རིང་རྗེ་ཉིད་སྐུ་ཚེའི་སྒྲུབ་པར་བཅད་རྒྱ་མཛད་པ་དང༌། འཇམ་མགོན་སྐུ་གདུང་བགྲེས་པ་སྣྲོན་ཟླའི་ཚེས་མགོར་གསན་སྦྱོང་གི་ཐོག་མ་གནང་རྒྱུའི་སྐུ་རིམ་དུ། འཇམ་དབྱངས་རྩོད་རྒྱལ་མ་སྤྱན་འདྲེན་གྱིས་མཆོད་ཤོམ་རྒྱས་པ་དང་བཅས། འཇམ་འདོན་བསྐང་བཤགས། སྐུ་ཁྲུས་སོགས་ལ་ཐུགས་བརྩོན་དང༌། བདེ་གླིང་ཚོགས་ཡོངས་འཕྲལ་ནས་གཙུག་ལག་ཁང་བྱིངས་ལ་རབ་ཏུ་གནས་པ་ཞག་འགའ་སྩལ། ཚེས་གསུམ་ཉིན་ཡོན་ཏན་ཀུན་གཞི་ཡི་གེའི་མ་མོ་འཛིན་ཆོས་བཅས་འབུལ་གནང་གི་སྔོན་འགྲོར། སྐུ་གསུང་ཐུགས་རྟེན་སོགས་ཀྱིས་ཇེང་དྲངས། ཕན་བདེ་འབྱུང་བའི་སོགས་བསྟན་བསྟན་འཛིན་ཡུན་བརྟན་སྐུ་ཚེ་རྒྱས་ཤིང༌། གཞན་དོན་འགྲུབ་པའི་ཐུགས་སྨོན་དང༌། ཁྱད་པར། སྒྲུབ་དང་སུན་འབྱིན་གསལ་བའི་ཉི་འོད་ཀྱིས། །ཞེས་སོགས་ཀུན་མཁྱེན་ཆེན་པོའི་ཚད་