R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༣༢
[A:༣༣༢]པ་ན། སྐྱེ་དགུ་ཀུན་གྱི་བསོད་ནམས་གསོག་པའི་ཞིང་མཆོག་ཏུ་འགྱུར་བར་གཟིགས་ཏེ། ཨཽ་ཌི་ཡཱ་ནའི་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝ་ཞེས། རྒྱལ་བ་ཉིད་ལས་ལྷག་པར་འབྱུང་བའི་ལུང་བསྟན་བརྙེས་པ་དེས། ས་སྐྱ་མི་འགྱུར་བའི་གཟེར་བཞི་ཞེས་རྡོ་རྗེ་ཕུར་བུ་ལྟ་བུས་མཆོད་རྟེན་བཞི་མཛད་པ། དུས་ཕྱིས་སྔགས་འཆང་བདུད་ཀྱི་སྟོབས་འཕྲོག་ངག་དབང་ཀུན་དགའ་རིན་ཆེན་གྱིས། དེ་དག་གཟུངས་གཞུག་ཏུ་མཛད་དེ། ཕྱི་ནས་དེ་དང་འདྲ་བའི་ཞབས་ཏོག་བསྒྲུབས་ནས་དེང་སང་གི་བར་དུ་ཀུན་གྱིས་སྤྱོད་ཡུལ་དུ་གྱུར་པ་འདི་རྣམས་དང༌། ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་ཐོག་ལ། སངས་རྒྱས་སྨན་བླའི་རྣམ་སྤྲུལ། གཡུ་ཐོག་ཡོན་ཏན་མགོན་པོར་མཁའ་འགྲོས་ལུང་བསྟན་བཞིན། འཇམ་དཔལ་གྱི་སྤྲུལ་པ་གྲུབ་ཐོབ་ཡོན་ཏན་དཔལ་བཟང་པོ་ས་སྐྱའི་དན་སྟོད་དུ་མཇལ་ཞིང༌། དེང་སང་གདན་ས་ཆེན་པོ་ཆགས་ཡུལ་འདིར། དེ་སྐབས་ཀླུ་ཤིང་གྲ་མ་ཀ་གདུང་ཉན་པ་སོགས་ནགས་ཚལ་གྱིས་གང་བའི་ཁྲོད་དུ། བྱང་སེམས་དང་པཎ་གྲུབ་རྣམས་ཆོས་ཀྱི་བགྲོ་གླེང་མཛད་པ་གཉིས་ཆར་གྱིས་གཟིགས་ཤིང༌། འཇམ་དཔལ་གྱི་སྤྲུལ་པས་སྨན་བླའི་སྤྲུལ་པ་ལ། མ་འོངས་པ་ན་འཁོན་གྱི་དགོན་པ་འབྱུང་བར་ལུང་བསྟན་ཚུལ་གྱི་ལོ་རྒྱུས་གཡུ་རྣམ་བཀའ་རྒྱ་མ་པར་མར་ཤིན་ཏུ་གསལ་བ་དང༌། ཡང་ལྷ་བླ་མ་ཡེ་ཤེས་འོད་དང༌། ལྷ་བཙུན་བྱང་ཆུབ་འོད་དེ་ཆོས་རྒྱལ་ཁུ་དབོན་གཉིས་ཀྱི་ཐུགས་བསྐྱེད་ལ་བརྟེན། ཕྱི་དར་བསྟན་པའི་ཉི་མ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་རྒྱ་གར་ནས་སྤྱན་དྲངས་ཏེ། མངའ་རིས་སྟོད་སོགས་སུ་ལོ་འགའ་བཞུགས་ནས། རིམ་གྱིས་བཤེས་གཉེན་འབྲོམ་སྟོན་པ་སོགས་ཀྱིས་སྤྱན་དྲངས། དབུས་སུ་ཕེབ་ལམ་འབྲོང་ངུར་ལ་ཞེས་དེང་སང་གི་བར་དུའང་སྒྲ་བཤད་མ་ཉམས་པ་འདིའི་རྩེར་བྱོན་པ་དང༌། དཔོན་པོ་རི་འདིའི་ངོས་ལ་འབྲོང་གཉིས་རྩྭ་ཟ་ཞིང༌། ངུར་སྒྲ་འབྱིན་པ་གཟིགས་པ་བཞིན་འཁོར་རྣམས་ལ་བཀའ་སྩལ། དེ་ཅིའི་ལྟས་ལགས་