R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༢༧
[A:༦༢༧]ཡོང་འདྲ་དགོངས་པའི་ཐུགས་སྤྲོ་དང་བཅས། གཙུག་ཏོར་རྣམ་རྒྱལ་གྱི་སྒོམ་བཟླས་གྲུབ་མ་ཐག་ལྷའི་ང་རྒྱལ་བརྟན་པོས་ཡབ་སྲས་ཡུམ་བཅས་ནས་གཟབས་བཞེས་དང་བཅས། སྐུ་གསུང་ཐུགས་རྟེན། བཟང་དགུ་འཛོམ་པའི་སྤྲོ་ཟས། མགུལ་དར་སོགས་སྟོབས་པར་སྐུ་ཡོན་ཁང་དུ་ཕེབས་ལམ་འཆར་ཅན་དང་འགྱེད་གྲབས་བཤམ་སྐྱ་འཁྱིལ་དང༌། རྩེར་ལྷ་བསངས་གྲོལ་བའི་ལྷ་རྒྱལ། མདུང་དར་ཁྲ་རོག་གེ་ཡོད་པ་སོགས་རྟེན་འབྲེལ་བཟང་པོ་དང་བཅས་རྒྱལ་སྲས་ལམ་བཟང་སྩལ་ཏེ་ཐུགས་འཛིན་གནང་ཤིག་པར་ཤིས་བརྗོད་ཀྱི་མེ་ཏོག་དང་བཅས་ཕུལ། དེའི་ཚེ་མཛོད་འཛིན་ལ་གོང་གི་གནས་ཚུལ་རྣམས་དང༌། ལྷག་པར་བསྟན་དོན་གལ་ཆེའི་སྐོར་ཕྱག་བྲིས་ཐོག་ནས་གནང་བའི་བཀའ་གྲོལ། མདུང་ནག་ཞབས་དྲུང་དགེ་བཤེས་བཅོས་མེད་ནས་མཎྜལ་གོས་དར་སོགས་དངོས་པོ་བཟང་དགུ་དུ་མ་དང༌། ལྷག་པར་ལྕང་སྐྱ་རྡོ་རྗེ་འཆང་ནས་གསུང་ཤོག་གནང་རྟེན་བཟང་པོས་སྦ་བའི་གསུང་ཚིག་ཏུ། ཐུབ་བསྟན་གསལ་བར་བྱེད་པའི་སྒྲོན་མེ་དཔལ་ལྡན་ས་སྐྱ་པཎྜི་ཏ་ཞེས་སྙན་པར་གྲགས་པ་གང་དེའི་ཞབས་དྲུང་དུ། ཞེས་དང༌། བཀྲ་ཤིས་ཀྱིས་མཚན་པའི་དུས་ཀྱི་ཆར་ཡང༌། འགྲོ་བ་ཡོངས་ཀྱི་དཔལ་རྨད་དུ་བྱུང་བ་གཟུགས་སྐུའི་དཀྱིལ་འཁོར་དྭངས་ཤིང༌། མཛད་ཁྱབ་བཟང་པོ་འགྲན་བྲལ་གྱི་རིང་ནས། ཞེས་སོགས་ཀྱི་ཚིག་སྒྲ་སོགས་ཆེ་འདོན་མཛད་རྒྱུའི་ཐོག་མའི་དགེ་ལྟས་དང༌། ཞབས་དྲུང་དེར་ངོར་ལུགས་རིག་བྱེད་ཐུན་མོང་མ་ཡིན་པའི་རྗེས་གནང་དང་སྦྱིན་སྲེག་ཡིག་ལུང༌། ངོར་ཆེན་དཀོན་མཆོག་ལྷུན་གྲུབ་དང༌། རྗེ་ཉིད་ཀྱི་ལྗགས་རྩོམ་རིག་བྱེད་མའི་སྒྲུབ་ཐབས་རྗེས་གནང་ལུང༌། བྱིན་རྟེན་སོགས་རེ་བའི་ཡོལ་གོང་བཀང་ཞིང༌། དེའི་ཞབས་གྲས་བུ་མོ་ལོ་བཅུ་གཅིག་མ་དེ་བྲོ་འཚལ་བར་རྗེ་ཉིད་ནས་བཀའ་བསྒོ་སྩལ་