R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༢༩
[A:༦༢༩]གཟིགས་ཆེན་པོར་མཇལ་ཕྱག་ཞར་ལ། འདིར་ཡང་ནག་ཟླའི་མཇུག་ཙམ་ལ་འབྱོར་བ་འདྲ། ཞེས་སྙན་དུ་གསོལ། ནག་ཟླའི་འགོར་སྨན་ཆབ་ལ་ཕེབས་ཐོག་མ་མོའི་ལྟག་གི་ཁང་བརྩེགས་མཆོད་རྟེན་གོག་པོ་དེ་ཕལ་ཆེར་གཤེགས་གསོལ་གྱིས་མི་རིང་བར་གསར་བཞེངས་མཛད་རྒྱུར། སྔར་གྱི་བཞུགས་ཡུལ་དཔའ་ལོག་གིས་བཀྲོལ་བས་བརླིང་ཆ་མ་བྱུང་དོགས། སྐྱེད་ལྷས་མེ་འབར་གྱི་མགོན་ཁང་དུ་བརྟག་སྒྲིག་མཛད་པས་སྤོར་རུང་བ་འཐོན་པ་བཞིན། ཟླ་ནང་དེར་བྱང་ཆུབ་མཆོད་རྟེན་ཚད་ལྡན་འདི་ཉིད། བོད་ཁམས་སྤྱི་དང་བྱེ་བྲག་བཟང་པོའི་ཡུལ་གྲུ་འདིའི་སྣོད་བཅུད་ལེགས་ཚོགས་སྤེལ་ཕྱིར། གསར་བཞེངས་རིང་བསྲེལ་རྣམས་བཞིས་ཕྱུར་པོར་གཏམས་ཤིང༌། ཕན་ཡོན་བྱིན་རླབས་ཀྱི་ཁྱད་པར་ཡང༌། གཞུང་ལས་སངས་རྒྱས་བྱེ་བ་འབུམ་ཕྲག་དགུ་བཅུ་རྩ་དགུ་སོགས་སངས་རྒྱས་ཚད་མེད་པ་དང༌། བྱང་ཆུབ་སེམས་དཔའ་བརྒྱད། གནོད་སྦྱིན་གྱི་སྡེ་དཔོན་བརྒྱད། གསང་བའི་བདག་པོ། །རྒྱལ་ཆེན་བཞི། ཚངས་པ། དབང་ཕྱུག །སྲེད་མེད་བུ་རྣམས་ཀྱིས་མཆོད་རྟེན་དེ་ཆོས་སྐུར་བྱིན་གྱིས་རློབ་ཅིང༌། རིང་བསྲེལ་དང་ལྡན་པར་མཛད་ནས། མཆོད་པ་དང་བསྙེན་བཀུར་མཛད་པས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང༌། རིན་པོ་ཆེ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ལས་བྱས་པ་དང་འདྲ་བའི་དགེ་བའི་རྩ་བ་རྒྱ་ཆེ་བས། ཚེ་རིང་ནད་མེད་བགེགས་ཀྱིས་མི་ཚུགས། མཐོང་ངམ། དེའི་དྲིལ་བུའི་སྒྲ་ཐོས་སམ། མཆོད་རྟེན་དེའི་མཚན་ཐོས་པ་ཙམ་གྱིས་ཀྱང་རིགས་དྲུག་གི་སྡུག་བསྔལ་ཞི་ཞིང༌། མངོན་མཐོ་དང་ངེས་ལེགས་འགྲུབ་པར་གསུངས་པའི་ཕན་ཡོན་དེ་རྣམས་དང་ལྡན་པ་ཡིན་ལགས། ས་ག་ཟླ་ནང་ངོར་མཁན་ཆེན་ཁང་གསར་ངག་