R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༣༣
[A:༣༣༣]ཞུས་པས། མ་འོངས་པའི་དུས་སུ་མ་ཧཱ་ཀཱ་ལ་གཉིས་དེར་ཕྲིན་ལས་མཛད་པའི་ལྟས་སུ་འདུག་གསུངས་ཏེ། དེང་སང་དཔལ་ས་སྐྱ་པའི་ཆོས་སྐྱོང་གུར་ཞལ་གཉིས་ལ་མཛད་པ་འདི་ལུང་བསྟན། དེ་ནས་ཕྱག་འཚལ་སྒང་དུ་ཕེབས་པ་དང༌། ཆིབས་བཤོལ་ནས་མཆོད་པ་ཤོམས་གསུངས་ཏེ་ས་དཀར་ལོགས་ལ་ཕྱག་མཆོད་རྒྱས་པར་མཛད། དེ་ལྟར་མཛད་པ་ཅི་ལགས་ཞུས་པར། ཁྱེད་ཀྱིས་མ་མཐོང་ངམ། ས་དཀར་པོ་ཕ་གིའི་ལོགས་ལ་དྷཱིཿཡིག་བདུན་དང་ཧཱུཾ་ཡིག་གཅིག་རྣམས་འདུག་པ་ལ་ཕྱག་མཆོད་བྱས་པ་ཡིན་གསུངས། དེ་ཅིའི་ལྟས་ལགས་ཞུས་པས། མ་འོངས་པའི་དུས་སུ། འཇམ་དབྱངས་ཀྱི་སྤྲུལ་པ་བདུན་དང༌། ཕྱག་ན་རྡོ་རྗེའི་སྤྲུལ་པ་གཅིག་སྟེ་བརྒྱད་རྣམས་གནས་ཕ་གིར་བྱོན་ནས་འགྲོ་བའི་དོན་མཛད་པའི་རྟགས་སུ་འདུག །ཅེས་གསུངས་ཏེ་ལྐོག་གྱུར་རྗེན་པར་གསལ་བའི་ལུང་གིས་བསྔགས་པར་མཛད་པ་དང༌། གཞན་ཡང་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྡོ་རྗེ་བདག་མེད་མས་དངོས་སུ་རྗེས་སུ་བཟུང་བས་ས་དྲུག་གི་རྟོགས་པ་བརྙེས་པ། འཇིགས་བྲལ་སྟོབས་ཀྱི་མགོན་པོ་བི་རཱུ་པ་ཉིད་ཀྱིས། མོན་གྲོག་ནས་འབལ་གྲོག་གི་བར་སྐྱིལ་ཀྲུང་གཅིག་གིས་ཁྱབ་པར་མཛད་ནས། གནས་འདི་ང་དབང་ཞེས་འཕགས་མཆོག་ཕྱག་ན་པདྨ་བརྩེ་ཆེན་ཀུན་དགའ་སྙིང་པོ་ཉིད་ལ་ཞལ་མངོན་སུམ་དུ་བསྟན་ནས་ལྕགས་རི་མི་འདའ་བའི་གསེར་ཆོས་བཞིས་མཚོན། རྒྱུད་སྡེ་བདུན་ཅུ་རྩ་གཉིས་ཀྱི་གདམས་པ་རྣམས་སྩོལ་བ་དང་ཆབས་གཅིག་བྱིན་རླབས་ཀྱི་ངོ་མཚར་བཀོད་པས་ཁྱབ་པར་མཛད་པ་དང༌། གཞན་ཡང་མ་གཅིག་ལབ་ཀྱི་སྒྲོན་མས། ས་དཀར་ལོགས་ཀྱི་ནེལ་ཐང་སྐྱ་མོ་དེར། །ཚངས་པའི་རིགས་ཅན་ལྷ་ཡི་སྲས་ཀྱིས་བཟུང༌། །ཞང་ཞུང་ཡུལ་རྣམས་ལྷ་སྡེར་བཙུད་པ་ཡོང༌། །རྟེན་གསུམ་ཕོ་བྲང་བསྟན་སྲུང་དེར་གནས་ཏེ། །འཇམ་དཔལ་རྣམ་སྤྲུལ་གཟུགས་བཞིས་འགྲོ་བ་འདྲེན། །ཁྱད་པར་ལྷག་པར་མི་གཡོའི་སྤྲུལ་པ་ནི། །དཔལ་གྱི་མཚན་