R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༣༤
[A:༣༣༤]ཅན་མཚན་ལྡན་སྐྱེས་བུ་འབྱུང༌། །མུ་སྟེགས་བཏུལ་ནས་ཤཱཀྱའི་བསྟན་པ་རྒྱལ་བ་སྟེ། །བསྟན་བཅོས་ཉམས་པ་གསོ་དང་བསྟན་པའི་བ་དན་ནམ་མཁར་འཕྱར། །བསྟན་པ་མི་ནུབ་བསྟན་པའི་རྒྱལ་མཚན་འཛིན། །བསྟན་པའི་རྒྱལ་མཚན་དམ་པ་དེ་འདྲ་འབྱུང༌། །ཞེས་གནས་དང་གང་ཟག་ཤིན་ཏུ་གསལ་བར་བསྟན་པ་དང༌། དེར་ཡང་མ་ཟད་རྒྱལ་དབང་པདྨ་ཀ་རས། ཀློང་གསལ་མཁའ་འགྲོ་སྙན་བརྒྱུད་ཀྱི་ལུང་བསྟན་ལས། ཀུན་དགའ་སྙིང་པོ་ས་སྐྱ་ལོཙྪ་དང༌། །བསོད་ནམས་རྩེ་མོ་གྲགས་པ་རྒྱལ་མཚན་ཞེས། །རིགས་གསུམ་མགོན་པོའི་སྤྲུལ་པ་གཙང་དུ་འབྱུང༌། །ཞེས་དང༌། ས་སྐྱ་ལོཙྪ་ཀུན་དགའི་མིང༌། །འཕགས་པའི་མིང་ཅན་གཉིས་བྱུང་ནས། བོད་ཁམས་སེམས་ཅན་བདེ་ལ་ཕན། །སངས་རྒྱས་བསྟན་པ་ལྔ་བཅུ་འཛིན། །འཇམ་པའི་དབྱངས་ཀྱི་སྤྲུལ་པ་ཡིན། །ཞེས་སོགས་མང་དུ་གསུངས་ཀྱང་སྤྲོས་པ་ཆེར་སྤངས་ཏེ། གནད་ཐོག་ཏུ་དྲིལ་ནས་འདིར་ཅུང་ཟད་སྨོས་པའང་དགོས་པ་བླ་ན་མེད་པ་དང་ལྡན་པའོ། །སྨྲས་པ། རྩོད་བྲལ་ལུང་གི་ཕོ་ཉའི་བདེན་པའི་གཏམ། །ཡོན་ཏན་མངོན་པར་གསལ་བའི་ཐ་ཚིག་ནི། །རྫོགས་པར་ཆུད་པའི་རབ་དཀར་ནོར་འཛིན་མ། །གྲོམ་སྟོད་གཉིས་འཐུང་ས་འཛིན་ལྟོ་བར་བསྟན། །སྒྲིབ་བྲལ་མངོན་ཤེས་སྤྱན་ལྔའི་ལམ་པོ་ཆེར། །འབྱུང་འགྱུར་རྟེན་འབྲེལ་དགེ་བའི་མཚན་མའི་གཟུགས། །བྱེད་པོས་ངལ་བས་ལྷུར་བླངས་བགྱིས་མིན་པར། །གྲུབ་འདི་གཟུར་གནས་བློ་མཚོར་ངོ་མཚར་གྱི། །སྣང་བ་འབར་བར་འཛིན་ན་རྟེན་བརྟེན་པ། །ཡ་མཚན་ཕྱུར་པོར་ལུད་པའི་ཁོང་སེང་ལ། །ཆེ་དགུའི་ཐོར་ཚུགས་དབང་མེད་འདུད་པའི་ཞིང༌། །སྟུག་པོ་བཀོད་པའི་དོ་ཟླར་འདི་ན་མཐོ། །ཞེས་ཀྱང་སྨྲས་སོ།། །། ༈ གཉིས་པ་བོད་ཀྱི་རྡོ་རྗེ་གདན་དཔལ་ལྡན་ས་སྐྱ་འདི་ཉིད་བསྟན་རྩིས་དང་སྦྱར་ཏེ་བཏབ་ཚུལ་ནི། སྤྱིར་བསྟན་རྩིས་ལ་མདོ་རྒྱུད་ནས་གསུངས་ཚུལ་ཐ་དད་པའི་དབང་གིས། མཁས་པ་རྣམས་བཞེད་སྲོལ་མི་མཐུན་