R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༤༦
[A:༦༤༦]པས་བཞེངས་པ་ལ། ས་ཆེན་ཉིད་ཀྱིས་ཕྱག་ནས་མཛད་པ་དེ་ཉིད། སྐབས་ཤིག་དབུས་ཕྱོགས་སུ་འཁྱར་བ། ཡར་ཀླུང་པ་སེངྒེ་རྒྱལ་མཚན་གྱིས་ཉམས་གསོ་མཛད་དེ་གནས་གསར་བ་རིམ་ཅན་གྱི་ཕྱག་ཏུ་བཞུགས་པ་ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་གཤེགས་དུས་ས་སྐྱར་བསྔོ་རྟེན་དུ་རབ་བྱུང་བཅུ་གཅིག་པའི་ལྕགས་བྱི་ལོར་འཇམ་དབྱངས་བསོད་ནམས་དབང་ཕྱུག་གི་ཕྱག་བབས་དེ་ཉིད་ཞལ་དབྱེ་ཞིང༌། སྟ་གོན་ལྔ་དང༌། དངོས་ཆོག་དྲུག་རེ་བཅས་རྒྱས་པར་སྩལ། གཞན་ཡང་དགེ་འདུན་ལྔ་བཅུ་ཁ་ཡར་གྱིས་ཞག་ལྔའི་རིང་ཀྱེ་རྡོར་སྒྲུབ་མཆོད་ཀྱི་སྔོན་འགྲོར་གོང་མ་ལྔ་བསྟོད་ཤློ་ཀ་དང་པོ་ཕྲེང་བསྐོར། ཡོངས་རྫོགས་དང་བསྐང་བ་རྒྱས་པ་ལ་སོགས་པ་དགོངས་རྫོགས་མང་དུ་བཀའ་གསང་གིས་གདམས་ནས། ནག་ཟླའི་ནང་སྡེ་དགེ་ས་དབང་བློ་གྲོས་རྒྱལ་མཚན་སོགས་འདས་མ་འོངས་རྒྱལ་རབས་རྣམས་ཀྱི་དགོངས་རྫོགས་སུ་དངུལ་བྲེ་ཆེན་འགའ་ཞིག་སྦྱོར་འཇགས་བཞིན། ཆོས་སྡེ་ལྷོ་ནས་ཉིན་གཅིག་ལ་དགེ་འདུན་ཞལ་གྲངས་ཀྱིས་བསགས་པའི་བཟང་པོ་སྤྱོད་པའི་སྨོན་ལམ་ཁྲི་ཚར་འགྲོ་ངེས་ཇི་སྲིད་བར་ནག་ཟླའི་ནང་མཛད་དགོས་ཀྱི་གཏོར་ཐོ་ལྷ་ཆེན་དབུ་བྱེད་ཀྱི་དེབས་སུ་འགོད་པར་མཛད་ཅིང༌། ཆོས་སྡེ་བྱང་པར་ནི་སྨན་བླ་སོགས་སོ། །དེ་ནས་ཚལ་གུང་ཐང་ཞེས་ཞང་གཡུ་བྲག་པའི་གདན་ས་ན། རྗེ་དྲུང་རིན་པོ་ཆེ་དྲེགས་བྱེད་ཀྱི་ཚུལ་བཟུང་བ་སྟོབས་ལྡན་དྲག་ཤུལ་དབང་པོ་ཡབ་ཡུམ་རྗེ་ཉིད་གཞོན་ནུའི་དུས་ན་ཡང་ཡང་གཟིགས་སྣང་ལ་འཆར་བ་ཞིག་ཡོད་གསུངས་པ་དེས། གསེར་འཕྱང་ལོའི་གུང་ཐང་ཞང་མཆོད་གྲོ་བཞིན་ཚེས་བརྒྱད་ལ། ས་སྐྱ་ནས་གསེར་གྱི་སྤུ་གྲི་ཞགས་དམར། རྒྱལ་མཚན་དགུ་བརྩེགས་སེངྒེའི་མགོ་ཏོག་ཅན་དགོས་ཚུལ་བཞིན་གནང་བའི་དུས་ཚེས་དེར། ཡོང་དོན་མེད་པར་སྔ་དྲོ་མཆོད་རྟེན་བཀྲ་ཤིས་སྒོ་མང་བྱིན་ཅན་གདུགས་མེད་ཞིག་ལ་ཉམས་གསོའི་ཞལ་བཀོད་མཛད་དགོས་དང་གཤིན་རྗེ་དགྲ་ནག་གི་དཀྱིལ་ཐང༌། ཡང་དཀྱིལ་ཐང་ཧྲུལ་བ་ཞིག །ཕོར་སྟོད་རྣམས་གློ་བུར་དུ་བྱུང་ཞིང༌། ཕུར་སྒྲུབ་ལ་ཕེབས་ཐོག་སྐུ་མདུན་དུ་