R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༤༧
[A:༦༤༧]བཙུན་མ་གཞོན་ནུ་མ་གཉིས་ཀྱིས་ས་ཤ་ཕུང་པོར་སྤུངས་པ་དང༌། དེ་ཉིན་ཕུར་སྒྲུབ་བཤད་ལས་པའི་ཚིག་ལ། རྗེ་རྡོ་རྗེ་འཆང་ཉིད་འགྲོ་བ་ཐམས་ཅད་ཀྱི་མགོན་པོ་ཡིན་ཚུལ་དང༌། བོད་ཀྱི་གྲུབ་མཐའ་ཀུན་ས་ལུགས་ཡིན་ཚུལ་གྲས་ལ་ཞང་གཡུ་དྲག་པའང་ས་ཆེན་གྱི་ཞལ་སློབ་ཤན་རྡོར་སེང་དང༌། སྐྱུར་ཨ་སེང་གི་ཞལ་སློབ་ཡིན་ཚུལ་བྱུང་བ་རྣམས་ལ། རྗེ་ཉིད་ཀྱི་བཀའ་ལས། ངེས་པར་བརྟག་རྒྱུ་ཞིག་ཡོད་དོ་གསུངས། དེ་མཚམས་ནས་དར་རྩེ་མདོར་མེ་ཆུས་གནོད་པ་ནར་མར་བྱུང་བ་རྣམས་ཐུགས་ཀྱིས་མ་བཟོད་པར། དེ་དག་བཟློག་ཕྱིར་ཕ་སྒར་དང་ཟུར་སྦུག་གཉིས་ལ་སྩལ་རྒྱུའི་གུར་ལྷ་བརྒྱད་འཁོར་ལོ་བཅས་དང༌། གསེར་ཟངས་ཀྱི་རྡོ་རྗེ་འཆང༌། འཇིམ་གྲུབ་རྗེ་བཙུན་གོང་མ་ལྔ། སྔགས་འཆང་ཆེན་པོ། ཨ་མེས་ཞབས་རྣམས་རིང་བསྲེལ་རྣམས་བཞིའི་ནང་བཟུང་དང༌། ཁྱད་པར་ཡུལ་ཕྱོགས་དེར་མེ་ཆུའི་གནོད་པ་ཞི་བའི་འདོད་གསོལ་དང་བཅས་དམ་ཡེ་དབྱེར་མེད་དུ་བྱིན་གྱིས་རློབ་པར་མཛད་དེ་སྩལ་བས་ཡུལ་ཕྱོགས་དེར་བྱོན་པ་ཙམ་གྱིས་གནོད་པ་ལས་གྲོལ་བར་གླེང་ངོ༌། །དབྱུག་ཟླའི་ནང་མུས་ཆེན་ལ་དེ་མོ་རིན་པོ་ཆེའི་མཆོག་སྤྲུལ་སྐོར་ལྷ་མོ་ཤྲ་བཎའི་སྒོ་ནས་བརྟག་དགོས་གསུངས་པའི་བཀའ་ལན་སྨིན་ཟླའི་བཅོ་བརྒྱད་ལ་འབྱོར་རྒྱུའི་ཐོ་རེངས་འོད་གསལ་དུ། སྐྱེད་ལྷས་ཡིན་དགོངས་པའི་བྲག་རྩེར་རྗེ་ཉིད་དང༌། གཞན་འགའ་རེ་བཅས་མཆིས་པར་རྗེ་ཉིད་ནས་བྲག་འདི་ལ་གཏེར་སྒོ་གསལ་པོ་ཡོད་པའི་གོང་དེ་ནས་གཅིག་གིས་བསྐོས་ཟིན་འདུག །གཤམ་འདི་ན་ཇི་འདྲ་ཡོད་དམ་དགོངས་ཤུལ་དེ་ནས་བརྐོ་བར་མཛད་པས། ལཉྪཱནའི་ཨཱཿརང་བྱོན་དམར་པོ་ཞིག་དང༌། བརྐོས་ཟིན་ཕྱག་ན་ཡོད་པའི་རྡོ་བའི་དུམ་བུ་དེར་བོད་ཡིག་དབུ་ཆེན་གྱི་ཨཿདམར་པོ་ཡོད་པ་ཞིག་འཁྲུངས་པས་མུས་ཆེན་གྱི་གསུང་དང་ཆ་འདྲར་མངོན་ནོ། །དེ་དག་གི་དོན་བསྡུ་ན། གང་དང་དབྱེར་མེད་རྒྱལ་སྲས་ཉི་ཟླ་ཟུང༌། །ཆོས་སྲིད་བླ་ནར་འཕགས་པའི་ཐང་ཡངས་སུ། །རྒྱལ་ཚབ་མཆོག་ཏུ་དབང་བསྐུར་དགེ་ལེགས་ཀྱི། །རྟེན་འབྲེལ་འཕྲུལ་