R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༦༤༨
[A:༦༤༨]བརྒྱའི་ཕྲིན་ལས་སྣང་བ་འབྱམས། །འཇིག་རྟེན་ཁམས་ཀུན་ཁྱབ་པའི་ངོ་མཚར་ལས། །བདེ་སྐྱིད་མངོན་པར་འབར་བའི་ཕྲིན་སྐྱེས་ནི། །ཕྱོགས་ཀྱི་བུ་མོ་དགའ་བའི་གར་སྟབས་ཅན། །ཅིང་ཡང་ལ་ཉེ་གྲོལ་བཞིན་སྤྲོ་བས་འགུལ། །རྒྱལ་བསྟན་སྤེལ་བའི་སྣང་བྱེད་གྲུབ་དབང་རྗེས། །ཡོངས་རྫོགས་བསྟན་པ་གཏད་པའི་སྙན་གྲགས་གཏམ། །དཀར་ཕྱོགས་ལ་སྲུང་ཐོས་འཛིན་འཕོས་མ་ཐག །ལེགས་སྐྱེས་མེ་ཏོག་དོག་པ་ཆར་བཞིན་ཉིལ། །ལྷན་སྐྱེས་ནག་པོའི་མཐུ་སྐྱེངས་ཟོལ་སྦྱོར་ལ། །སྣང་ངོ་འཁྲིད་ཕྱིར་གཤེགས་པའི་དགོངས་རྫོགས་དང༌། །ཀུན་བཟང་སྨོན་ལམ་ངང་དུ་དྲེགས་བྱེད་ཅིག །རྩེད་འཇོའི་ཆོ་འཕྲུལ་ཚར་དུ་དངར་བ་གཡོ། །རྒྱ་ཡུལ་དར་མདོའི་སྣོད་བཅུད་འཇུག་ངོགས་སུ། །འབྱུང་བཞིའི་གནོད་པ་བསྲུང་བའི་བྱིན་གུར་ཕུག །དམ་པ་ཕན་ཚུན་དག་པའི་སྣང་ངོ་རུ། །མཐུན་སྣང་གྲུབ་པའི་གཟིགས་སྣང་ཨེ་མ་མཚར། །ཞེས་ཀྱང་སྨྲས་སོ།། །། ༈ དགུང་གྲངས་ལྔ་བཅུར་བྱོན་པ་ས་ཁྱི་ནག་ཟླའི་བཅུ་གཅིག་ནས་འཇམ་མགོན་སྐུ་མཆེད། རྗེ་བཙུན་དྲུང་སོགས་ལ་སྟོབས་ཀྱི་མགོན་པོ་དཔལ་ལྡན་བིརཱུ་པའི་ཞལ་གདམས་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་པ་ཟབ་མོ་ཚོགས་བཤད་མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་ཡིག་སྟེང་ནས། སྔོན་འགྲོ་སྣང་བ་གསུམ་གྱི་འཁྲིད། །རྒྱབ་རྟེན་ལུང་གི་སྐོར་ལ། བིརྺ་པའི་རྣམ་འགྱུར་དྲུག་གི་སྒོ་ནས་བསྟོད་པ། བླ་མ་རྒྱ་བོད་ཀྱི་ལོ་རྒྱུས་ནས་བཟུང་ཡབ་རྗེ་བསོད་ནམས་རིན་ཆེན་བར་གྱི་བླ་བརྒྱུད་རྣམ་ཐར་རྣམས་དང༌། གསུང་ངག་བྱུང་ཚུལ་ལེགས་བཤད་འདུས་པའི་རྒྱ་མཚོ་རྣམས་སྔོན་དུ་འགྲོ་བའི། བརྒྱུད་པའི་ཁྱད་པར་གཉིས་ལྡན་གྱི་སེམས་བསྐྱེད་རྣམས་དང༌། ལམ་གྱི་དངོས་གཞི་རྒྱུད་གསུམ་གྱི་སྒོ་ནས་བཀྲི་བ་ལ་ཐོག་མར་སློབ་མ་རྗེས་འཛིན་སོགས། དབང་གི་མངོན་པར་རྟོག་པ་བརྒྱད་དང་ལྡན་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་རྒྱུ་དུས་ཀྱི་དབང་བསྐུར་བ་རྩ་སྔགས་ཨཥྟའི་བཟླས་ལུང་དང་བཅས་པ། ལུས་དཀྱིལ་འཁྲིད་ཀྱི་སྔོན་འགྲོར། ཐབས་རྒྱུད་ཀྱི་གཙོ་བོ་ལམ་དུས་ཀྱི་དབང་བསྐུར་བ་ཡི་གེ་བརྒྱ་བའི་བཟླས་ལུང་དང་བཅས་པ། གསང་དབང་