R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༣༥
[A:༣༣༥]པ་མང་ན་ཡང༌། འདིར་ནི། དཾཥྟྲཱ་སེ་ནཱའི་འབུམ་ཊཱིཀྐ་དང༌། དབྱིག་གཉེན་ཞབས་ཀྱི་གནོད་འཇོམས། སློབ་དཔོན་འཇམ་དཔལ་གྲགས་པ་སོགས་ཀྱི་བཞེད་པ་བཞིན། མཁས་པ་ཕལ་མོ་ཆེ་ལྔ་སྟོང་དུ་འཐད་པར་བཞེད་པ་དང༌། དེ་བཞིན་སངས་རྒྱས་ཀྱི་འཁྲུངས་རྩིས་ཀྱང་མི་མཐུན་པ་མང་ཡང༌། རྗེ་བཙུན་ས་སྐྱ་པའི་དགོངས་པ་ནི། ལུགས་ཀྱི་བསྟན་བཅོས་ཞེས་བྱ་བ་ལས། གཡུལ་བསྟན་འོག་ཏུ་ཉིས་སྟོང་དང༌། དགའ་བྱེད་འོག་ཏུ་བརྒྱད་བརྒྱ་ཞེས་སོགས་བཤད་པ་བཞིན། རྩོད་དུས་ཀྱི་རྒྱལ་པོ་སྐྱ་བསེང་མཆེད་ལྔའི་གཅེན་གཡུལ་བརྟན་གྱིས་བཅོས་གཉིས་སྟོང་ཉེ་བའི་ཚེ། བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོ་ས་ཕོ་འབྲུག་ལ་བལྟམས་ཤིང༌། བརྒྱད་བཅུ་མེ་ཕག་ལ་གཤེགས། དེ་ནས་བརྒྱ་དང་སོ་བདུན་ན། དགའ་བྱེད་འབྱུང་ཞེས། རྟོག་གེ་འབར་བར་བཤད་པས། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ་དང༌། འཇམ་མགོན་ས་སྐྱ་པཎྜི་ཏས་འདི་ལ་བརྟེན་ནས་བསྟན་རྩིས་བརྩམས་པར་བཞེད་ཅིང༌། དེས་ན་ལྔ་བརྒྱ་པ་ཕྲག་བཅུ་ལས། དང་པོར་དགྲ་བཅོམ། གཉིས་པར་ཕྱིར་མི་འོང༌། གསུམ་པ་རྒྱུན་ཞུགས་ཏེ་ཡེ་ཤེས་ཁོང་ཆུད་ཀྱི་ལེའུ་གསུམ། དེ་ནས་ལྔ་བརྒྱ་པ་ཕྲག་གསུམ་ལ་རིམ་བཞིན། ཤེས་རབ། ཏིང་འཛིན། ཚུལ་ཁྲིམས་བསླབ་པ་གཙོར་སྟོན་གསུམ་ལ་སྒྲུབ་པའི་དུས་ཀྱི་ལེའུ་ཟེར། དེ་ནས་ལྔ་བརྒྱ་པ་ཕྲག་གསུམ་ལ། མངོན་པ། མདོ་སྡེ། འདུལ་བ་རྣམས་སྟོན་པ་མང་དུ་འབྱུང་བས་ན། ལུང་གི་ལེའུ་གསུམ། བཅུ་པ་ལྔ་བརྒྱ་ཐ་མ་ལ་རབ་བྱུང་རྟགས་ཙམ་མ་གཏོགས་ལྟ་སྤྱོད་རྣལ་མ་མེད་པས་རྟགས་ཙམ་འཛིན་པའི་ལེའུར་བཞེད་པ་ལས། མངོན་དུས་ཀྱི་ལྔ་བརྒྱ་པ་ཕྲག་གཅིག་གི་སྟེང་ནས་ཉིས་བརྒྱ་དང་ལྔ་ཐིམ། དྲུག་ཏུ་སླེབ་པ་རབ་བྱུང་དང་པོའི་ནང་གི་བག་མེད་ཅེས་པ་ཆུ་མོ་གླང་གི་ལོའི་ཁྲུམས་ཟླའི་ཡར་ཚེས་ལ། བོད་ཀྱི་རྡོ་རྗེ་གདན་དཔལ་ལྡན་ས་སྐྱ་འདི་ཉིད། འཁོན་སྟོན་དཀོན་